རྒྱ་དཀར་ནག་གི་དམག་མིའི་ལག་འཛིང་ནང་བསད་གྲངས་ཇེ་མང་རེད་འདུག

ཟླ་འདིའི་ཚེས་༡༦ མཚན་མོ་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་བ་ལྟར་ན། ལ་དྭགས་ཕྱོགས་ཀྱི་ས་མཚམས་སུ་དྲག་པོའི་གདོང་ཐུག་བྱུང་འདུག་པ་དང་། རྒྱ་ནག་གི་དམག་མི་༤༣ བསད་ཡོད་པ་དང་། རྒྱ་གར་གྱི་དམག་མི་༢༠ བསད་ཡོད་པའི་གནས་ཚུལ་ཐོན་འདུག

ཟླ་འདིའི་ཚེས་༡༥ ཉིན་གྱི་དགོང་མོ་ནས་དམག་འཛིང་དེ་འགོ་འཛུགས་བྱས་ཡོད་པ་དང་། ཀལ་ཝན་ལུང་གཤོངས་ས་གནས་ཡིན་འདུག

བརྒྱུད་ལམ་ཁག་ཅིག་ཏུ་རྒྱ་གར་གྱི་མི་ཁག་ཅིག་གར་སོང་ཆ་མེད་དུ་གྱུར་ཡོད་པ་དང་། རྒྱ་ནག་གི་དམག་མི་བསད་རྨས་གཉིས་ཀྱི་གྲངས་ཀ་༤༣ ཡིན་སྐོར་ཡང་རྒྱ་གར་གྱི་བརྒྱུད་ལམ་དུ་འཁོད་འདུག ཐེངས་འདིའི་དམག་འཛིང་ཁྲོད་མཚོན་ཆ་བེད་སྤྱོད་བཏང་མེད་པར། རྡོ་དང་དབྱུག་པའི་ལག་འཛིང་ཡིན་འདུག

རྒྱ་ནག་གིས་༡༩༤༠ ནང་ནས་བོད་ལ་བཙན་འཛུལ་བྱས་པ་དང་། བོད་ས་ཡོངས་དབང་བསྒྱུར་བྱས་རྗེས། ༡༩༦༢ ལོར་ས་མཚམས་ཀྱི་རྩོད་རྙོག་ཐོག་རྒྱ་དཀར་ནག་གཉིས་དམག་འཁྲུག་ཆེ་ཤོས་ཤོར་ཡོད་པ་རེད། ད་ཐེངས་ཀྱི་དམག་འཛིང་དེ་༡༩༧༥ ལོའི་རྗེས་ནས་ཆེ་ཤོས་དེ་ཆགས་ཀྱི་ཡོད་པ་རེད། བོད་དང་རྒྱ་གར་གྱི་ས་འབྲེལ་ཁག་ཏུ་རྒྱ་དཀར་ནག་གཉིས་ཀྱི་རྩོད་གཞི་ཆེ་རུ་སོང་བ་དང་། སྔོན་བོད་ཀྱི་ས་ཆ་དང་། རྒྱ་གར་དབྱིན་གཞུང་དང་བོད་ཀྱི་བར་དུ་བཞག་པའི་སིམ་ལའི་ཆིངས་ཡིག་སྐོར་ཡང་བསྐྱར་དུ་གླེང་སློང་འབྱུང་གི་ཡོད་པ་རེད། །
གསར་འགོད་པ་ཆོས་ཉིད་འོད་ཟེར།