རྒྱ་ནག་གཅིག་གི་སྲིད་བྱུས་དེ་བོད་ལ་འབྲེལ་བ་མེད།

ལྡི་ལིར་རྟེན་གཞི་བྱས་པའི་འཚེ་བ་མེད་པའི་ཐེབས་རྩ་ཁང་གི་གོ་སྒྲིག་འོག རྒྱ་ནག་གཅིག་གི་སྲིད་བྱུས་ཀྱི་དྲག་རྩུབ་ཅེས་པའི་བརྗོད་གཞིའི་ཐོག་མཁས་པའི་བགྲོ་གླེང་གི་ཚོགས་འདུ་ཞིག་ལྡི་ལིར་འཚོགས་འདུག
ཟླ་འདིའི་ཕྱི་ཚེས་ ༡ ནས་ཉིན་གཉིས་རིང་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་རྒྱལ་སྤྱིའི་ལྟེ་གནས་ཁང་དུ། འཚེ་བ་མེད་པའི་ཐབས་ལམ་ཐེབས་རྩ་ཁང་གི་གོ་སྒྲིག་འོག རྒྱ་ནག་གཅིག་གི་སྲིད་ཇུས་དྲག་རྩུབ་ཅེས་པའི་མཁས་པའི་བགྲོ་གླེང་གི་ཚོགས་འདུ་ཞིག་འཚོགས་ཡོད་པ། ཐེངས་འདིའི་མཛད་སྒོའི་ཚོགས་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་དང་། རྒྱལ་ཁབ་ཕྱི་ནང་གི་མཁས་པ། དེ་བཞིན་ཉམས་ཞིབ་པ་དང་གཙུག་ལག་སློབ་གླིང་ཁག་གི་སློབ་དཔོན། གཞུང་ཚབ་ཟུར་པ་སོགས་མཉམ་ཞུགས་གནང་ཡོད་འདུག
སྐབས་དེར་ཚོགས་ཐུན་དང་པོའི་གཙོ་སྐྱོང་པ་རྒྱ་གར་གྱི་གཞུང་ཚབ་ཆེན་མོ་ཟུར་པ་ ( Lakhan Lal Mehrotra)ལགས་ཀྱིས་ད་ཆ་རྒྱ་ནག་སྟོབས་ཆེན་རྒྱལ་ཁབ་ཅིག་ཏུ་གྱུར་པ་དང་བོད་བཙན་བཟུང་བྱས་པ་དེས། འཛམ་བུ་གླིང་གི་བདེ་འཇགས་ལ་ཉེན་ཁ་ཡོད་པ་མ་ཟད། རྒྱ་གར་གྱི་རྒྱལ་མཚམས་བདེ་འཇགས་ལ་ཉེན་ཁ་ཆེན་པོ་བཟོ་བཞིན་ཡོད་སྐོར་སོགས་གསུངས་ཡོད་པ་དང་། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས་རྒྱ་ནག་གཅིག་ཅེས་པའི་སྲིད་བྱུས་དེ་བོད་དང་འབྲེལ་བ་མེད་ཅེས། གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དམིགས་བསལ་སྐུ་ཚབ་རྒྱ་རི་རིན་པོ་ཆེའི་གསུང་དུམ་བུ་ཞིག་ལུང་དྲངས་ཏེ། རྒྱ་ནག་གཅིག་གི་སྲིད་བྱུས་དེ་བཞིན་རྒྱ་ནག་དང་ཐའི་ཝན་གྱི་འབྲེལ་བར་དམིགས་པའི་སྲིད་བྱུས་ཤིག་ཡིན་སྐོར་དང་། དེ་ཉིད་ཕྱི་ལོ་ ༡༩༧༠ ཙམ་ནས་ཨ་རིས་རྒྱ་ནག་དང་ཐའི་ཝན་གྱི་འབྲེལ་བར་ངོས་འཛིན་བྱེད་ཕྱོགས་ཀྱི་སྲིད་བྱུས་ཤིག་ལས་གྲུབ་ལ། ཕྱིས་སུ་རྒྱ་ནག་གི་འགོ་ཁྲིད་རིམ་པས་རྒྱལ་ཁབ་གཞན་དང་འབྲེལ་བ་བྱེད་སྐབས་རྒྱ་ནག་གཅིག་གི་སྲིད་བྱུས་ལ་ངོས་འཛིན་བྱེད་དགོས་པའི་བཙན་སྐུལ་བཏང་ཡོད་པ་མ་ཟད། ལྷག་པར་དུ་རྒྱ་ནག་གཞུང་གིས་རྒྱ་ནག་གཅིག་གི་སྲིད་བྱུས་དེ་བོད་ལ་འཇུག་ཚུལ་རྒྱལ་སྤྱིའི་སྤྱི་ཚོགས་ལ་ལོག་འགྲེལ་བྱས་ཏེ་རྒྱལ་ཁབ་གཞན་ནས་བོད་དང་འབྲེལ་བ་བྱེད་པར་དམ་བསྒྲགས་ཆེ་རུ་བཏང་བའི་སྐོར།
དེ་བཞིན་རྒྱ་དཀར་ནག་དང་། ཨ་རི་དང་རྒྱ་ནག་གི་འབྲེལ་བའི་འཕེལ་རིམ་ངོ་སྤྲོད་དང་། རྒྱལ་སྤྱིའི་ཁྲིམས་ཡིག་ཁག་བོད་ལ་གཅིག་མཚུངས་ལག་བསྟར་བྱས་ཐོག་རྒྱལ་སྤྱིའི་སྤྱི་ཚོགས་ནས་བོད་དེ་ལོ་རྒྱུས་ཐོག་རང་བཙན་རྒྱལ་ཁབ་ཅིག་ཏུ་ངོས་འཛིན་གནང་དགོས་སྐོར་སོགས་གསུངས་ཡོད་འདུག ཞི་བ་ནཱ་དཱར་གཙུག་ལག་སློབ་གླིང་(Shiv Nadar University)་གི་སློབ་དཔོན་ཇཱ་བྷིན་ཇཱ་ཀོབ་(Jabin Jacob)་ལགས་ཀྱིས། རྒྱ་གཞུང་གིས་ཚོང་ལས་དང་ཆབ་སྲིད་ཀྱི་གནད་ཡོད་མི་སྣར་འབྲེལ་ལམ་རྒྱུན་སྐྱོང་བྱ་ཆེད་དུ་ཤུགས་རྒྱག་བཞིན་ཡོད་ཅིང་། དམིགས་བསལ་རྒྱལ་སྤྱིའི་ཚོགས་སྡེ་ཁག་ཏུ་རྒྱ་ནག་གཅིག་གི་སྲིད་ཇུས་ཀྱི་ལས་དོན་བྱེད་ཕྱོགས་མངོན་གསལ་དུ་འདོན་པའི་འཆར་གཞི་འཐེན་བཞིན་ཡོད་སྐོར་གསུངས་འདུག གཞན་ཡང་རྒྱ་ནག་གཅིག་གི་སྲིད་ཇུས་ཀྱིས་ཐའེ་ཝན་ཕྱི་སྲིད་ཀྱི་གནོན་ཤུགས་སྐོར་ལ་ཧྥེ་ལེ་མེ་གཙུག་ལག་སློབ་གླིང་(FLAME University)་གི་ལྷོ་ཤར་ཨེ་ཤ་ཡའི་ཚན་པའི་སློབ་དཔོན་ཁྲི་ཧྥིན་ལིག་ (Roger Chi Feng Liu) ལགས་ཀྱིས། ཐའེ་ཝན་གྱི་རྩ་ཁྲིམས་སུ་རྒྱ་ནག་གཅིག་གི་སྲིད་བྱུས་ངོས་ལེན་བྱས་པ་དེ་གནད་དོན་ཆེན་པོ་ཞིག་ཏུ་གྱུར་ཡོད་ཅིང་། ཐའེ་ཝན་གཞུང་ནས་དེ་ལ་འགྱུར་བ་གཏོང་ཐུབ་ཚེ། དེས་རྒྱ་གཞུང་ལ་ཡ་ལན་ཆེན་པོ་ཞིག་སྤྲད་ཡོད་པ་རེད། རྒྱ་གར་གཞུང་གིས་ཨ་རུ་ན་ཅལ་སོགས་ཀྱི་རྩོད་རྙོག་ཡོད་པའི་ས་ཁུལ་ཁག་རྒྱ་གར་གྱི་ཁུངས་གཏོགས་ཡིན་པ་གསལ་སྟོན་བྱེད་བཞིན་ཡོད་ཀྱང་། ཐའེ་ཝན་གྱིས་དེའི་ཐད་ལ་ཡོངས་གྲགས་ཀྱི་གསལ་བཤད་ཅིའང་མེད་པ་རེད། དེ་ནི་རྒྱ་གར་གྱི་ཕྱོགས་འཛིན་དང་རྒྱ་ནག་གི་ཁ་གཏད་དུ་འགྱུར་རྒྱུ་ཡིན་པས་རྐྱེན་རེད། གནད་དོན་འདིའི་རིགས་ང་ཚོས་བསམ་ཤེས་བྱེད་དགོས་པ་ཞིག་ཡིན་མོད། གནད་དོན་དེ་དག་ཁ་གསལ་འབྱུང་རྒྱུ་ཧ་ཅང་ཁག་པོ་ཡིན་པར་བརྗོད་འདུག


གསར་འགོད་པ་བསྟན་འཛིན་ལམ་བཟང་།