རྒྱ་ནག་གཞུང་གིས་བུད་མེད་ཚོར་མངལ་འབྱིན་མི་ཆོག་པའི་ཁྲིམས་བཙན་པོ་གཏན་འབེབས་བྱེད་འཆར་ཡོད་འདུག
རྒྱ་ནག་གཞུང་གིས་ལོ་ངོ་བཅུ་ཕྲག་མང་པོར་བུད་མེད་ཚོ་ལ་བྱིས་པ་གཅིག་ལས་སྐྱེ་མི་ཆོག་པའི་སྲིད་བྱུས་ལག་བསྟར་བྱས་རྗེས། ད་ནི་བུད་མེད་ཚོས་མངལ་འབྱིན་མི་ཆོག་པའི་སྲིད་བྱུས་ཤིག་ལག་བསྟར་བྱེད་འཆར་ཡོད་འདུག
ཁ་སང་རེས་གཟའ་ཟླ་བའི་ཉིན་རྒྱ་ནག་གཞུང་གིས་བུད་མེད་ཀྱི་གཟུགས་པོའི་“བདེ་ཐང་དང་འབྲེལ་བ་མེད་པའི་”མངལ་འབྱིན་(abortioins) བཀག་སྡོམ་བྱེད་རྒྱུ་ཡིན་པའི་གསལ་བསྒྲགས་སྤེལ་འདུག་ཅིང་། དེ་ནི་རྒྱ་ནག་གི་མི་འབོར་འཕེལ་རྒྱས་གཏོང་ཆེད་དུ་དམིགས་པ་ཞིག་ཡིན་འདུག
རྒྱ་ནག་གིས་ཕྱི་ལོ་༡༩༧༩ ལོར་“བྱིས་པ་གཅིག་གི་སྲིད་བྱུས་”སམ་“འཆར་ལྡན་བུ་སྐྱེས་ཀྱི་སྲིད་ཇུས་”གཏན་ན་ཕབ་ཅིང་། སྒྲིག་ལམ་དེ་ལས་འགལ་བའི་ཁྱིམ་ཚང་རྣམས་ལ་སྒོར་མོའི་ཉེས་ཆད་དང་། ལས་གནས་ནས་འཕུད་པ། ཐ་ན་མངལ་འབྱིན་པ་སོགས་བྱས་པས། ཕོ་མོའི་གྲངས་འབོར་ལ་མང་ཉུང་ཚད་ལ་འདས་པ་བྱུང་བ་མ་ཟད། མི་འབོར་ཉམས་རྒུད་བྱུང་ནས་རྒྱ་ནག་གི་དཔལ་འབྱོར་འཕེལ་རྒྱས་ལ་ཤུགས་རྐྱེན་ཆེན་པོ་ཐེབས་ཀྱི་ཡོད་འདུག
མི་འབོར་ཉམས་རྒུད་ཀྱི་དཀའ་ངལ་དེ་སེལ་བའི་སླད། ཕྱི་ལོ་༢༠༡༥ ལོར་རྒྱ་ནག་གིས་ལོ་ངོ་བཅུ་ཕྲག་མང་པོར་ལག་བསྟར་བྱས་པའི་བཟའ་ཚང་གཅིག་ལ་ཕྲུ་གུ་གཅིག་ལས་སྐྱེ་མི་ཆོག་པའི་སྲིད་བྱུས་དེ་སྒྱུར་བཅོས་བཏང་སྟེ། ཕྲུ་གུ་གཉིས་སྐྱེ་བའི་ཆོག་མཆན་སྟེར་བ་དང་། དེ་ནས་ད་ལོར་གཉེན་སྒྲིག་བྱས་པའི་བཟའ་ཚང་གཅིག་ལ་བྱིས་པ་གསུམ་སྐྱེ་ཆོག་པ་བཟོས་ཡོད་རུང་། རྒྱའི་གྲོང་ཁྱེར་ཁག་ཏུ་བྱིས་པ་གསོ་སྐྱོང་བྱེད་པའི་འགྲོ་གྲོན་ཆེ་དྲགས་པར་བརྟེན་ནས་ཁྲིམས་ཀྱི་འགྱུར་བ་དེས་ཀྱང་སྐྱེ་འཕེལ་གྱི་ཚད་གཞི་མར་ལྷུང་བཞིན་པ་དེ་བཀག་འགོག་མི་ཐུབ་པའི་དཀའ་ངལ་ཚབས་ཆེན་འཕྲད་བཞིན་ཡོད་འདུག
རེས་གཟའ་ཟླ་བའི་གསལ་བསྒྲགས་དེ་དང་འབྲེལ་བའི་ཐད་ལ། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ལྟ་སྲུང་ཁང་(Human Rights Watch) གི་རྒྱ་ནག་ཉམས་ཞིབ་པ་ཡེ་གྷོའུ་ཝང་(Yaqiu Wan) གིས་“སྲིད་གཞུང་འདིས་འདས་པའི་ལོ་ངོ་༤༠ རིང་ལ་བཙན་གྱིས་བུད་མེད་ཚོར་མངལ་འབྱིན་དུ་བཅུག་ནས་ཁོ་ཚོའི་སྐྱེ་འཕེལ་གྱི་ཐོབ་ཐང་ལ་ཚད་འཛིན་བྱས་ཡོད་ཅིང་། ད་ཡང་མངལ་འབྱིན་པའི་ཐོབ་ཐང་ལ་ཚད་འཛིན་བྱེད་ཀྱི་ཡོད། ངས་’བདེ་ཐང་དང་འབྲེལ་བ་མེད་པ་’ཞེས་པ་དེའི་ནང་དོན་གང་ཡིན་མི་ཤེས་ཀྱང་། རྒྱ་ནག་གཞུང་ལ་རྒྱུས་མངའ་ཡོད་མཁན་ཚོས་དེ་ཡག་པོ་ཞིག་མ་ཡིན་པ་ཤེས་ཐུབ་”ཅེས་བརྗོད་པའི་ཐོག “སྲིད་བྱུས་ཀྱི་རྩ་བ་གཅིག་པ་རེད། དེ་ནི་བུད་མེད་ཚོའི་སྐྱེ་འཕེལ་གྱི་ཐོབ་ཐང་ལ་ཚད་བཀག་འཇོག་པ་དང་། བུད་མེད་ལག་ཆར་མཐོང་བ་དེ་རེད། ད་ལྟ་[རྒྱ་ནག་གི་]མི་འབོར་ལོ་རྒས་བཞིན་ཡོད་པ་དང་། ངལ་རྩོལ་གྱི་ནུས་ཤུགས་འདང་ངེས་ཤིག་མེད་པས། བྱིས་པ་མང་པོ་དགོས་ཀྱི་ཡོད། བུད་མེད་རྣམས་དཔལ་འབྱོར་གྱི་དགོས་མཁོ་སྒྲུབ་བྱེད་ཀྱི་ལག་ཆར་མཐོང་བ་གཅིག་མཚུངས་རེད་”ཅེས་བསྣན་འདུག
རྒྱ་ནག་གིས་ད་ལོའི་ཕྱི་ཟླ་༥ པའི་ནང་དུ་བཏོན་པའི་ལོ་བཅུ་རེའི་སྙན་ཐོའི་ནང་། ༢༠༡༠ ནས་༢༠༢༠ བར་རྒྱ་ནག་གི་ལོ་རེའི་ཆ་སྙོམ་མི་འབོར་འཕེལ་ཚད་དེ་བརྒྱ་ཆ་༠,༥༣ ཡིན་འདུག་ཅིང་། དེ་ནི་༢༠༠༠ ནས་༢༠༡༠ བར་གྱི་མི་འབོར་འཕེལ་ཚད་དང་བསྡུར་ན། བརྒྱ་ཆ་༠,༠༤ ཙམ་མར་ཆག་པ་ཡིན་འདུག དེ་བཞིན་རྒྱ་ནག་གི་ལས་ཀའི་ནུས་པ་ལྡན་པའི་མི་འབོར་(ལོ་ན་༡༥ ནས་༥༩ བར་གྱི་མི་མང་ཡིན།)དེ་༢༠༡༡ ལོར་ས་ཡ་༩༢༥ ཟིན་ནས་ཡང་རྩེེར་སོན་རྗེས། ད་ལྟ་མགྱོགས་མྱུར་ཉམས་རྒུད་དུ་འགྲོ་བཞིན་ཡོད་འདུག་སྟེ། གཞུང་འབྲེལ་གྲངས་ཐོ་གསར་པ་དེའི་ནང་། ད་ལྟ་རྒྱ་ནག་གི་ལས་ཀའི་ནུས་པ་ལྡན་པའི་མི་འབོར་དེ་སྔར་གྱི་བཞི་ཆ་གསུམ་དུ་མར་ལྷུངས་ཡོད་འདུག
མི་འབོར་ཉམས་རྒུད་དང་། དེ་ལ་བརྟེན་ནས་བྱུང་བའི་དཔལ་འབྱོར་ཉམས་རྒུད་ལ་རྒྱ་ནག་གིས་སེམས་འཚབ་ཆེན་པོ་བྱེད་ཀྱི་ཡོད་འདུག་སྟེ། པེ་ཅིང་སློབ་གྲྭ་ཆེན་མོའི་མི་འབོར་ཞིབ་འཇུག་གི་སློབ་དཔོན་ཆེན་མོ་ལོའུ་ཇ་ཧྲོའོ་(Lu Jiehua) ཡིས་“ལས་ཀའི་ནུས་པ་ལྡན་པའི་མི་འབོར་མགྱོགས་མྱུར་ཉམས་རྒུད་དུ་འགྲོ་བཞིན་པ་དེར་ང་ཚོ་སེམས་ཁྲལ་ཆེ་བ་ཡོང་གི་འདུག གལ་སྲིད་མི་འབོར་ཕལ་ཆེར་བ་རྒས་པོ་ཆགས་པ་ཡིན་ན། དཀའ་ངལ་དེ་ཕྱི་ནས་ཡོང་བའི་གནས་སྤོ་བས་སེལ་ཐུབ་མི་སྲིད་པ་ཞིག་རེད། དཀའ་ངལ་དེ་ཐོག་མ་ནས་སེལ་དགོས་”ཞེས་བརྗོད་ཡོད་འདུག
རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ལས་འགུལ་བ་རྣམས་ཀྱིས། རྒྱ་ནག་གིས་དེ་སྔོན་སྐྱེ་སྒོ་བཀག་གནས་བུད་མེད་ཚོའི་སྐྱེ་འཕེལ་གྱི་ཐོབ་ཐང་རྩིས་མེད་རྡོག་རོལ་བཏང་བ་བཞིན། ད་ལྟ་སྐྱེ་སྒོ་འགོག་མི་ཆོག་པ་བཟོས་ནས་བུད་མེད་ཚོའི་ཐོབ་ཐང་འཕྲོག་བཞིན་ཡོད་པས། གདུག་རྩུབ་ཅན་གྱི་སྲིད་བྱུས་དེའི་འོག་ནས་བུད་མེད་མང་པོ་ཞིག་ལ་དཀའ་སྡུག་འཕྲད་ངེས་པའི་སེམས་ཚབ་བྱེད་ཀྱིན་ཡོད་འདུག །
གསར་འགོད་པ་དཀོན་མཆོག་རབ་བརྟན།
