རྒྱ་ནག་གཞུང་གིས་ས་ཡོམ་བྱུང་སའི་ས་ཁུལ་དུ་གུང་ཁྲན་ཏང་ལ་བཀའ་དྲིན་ཆེ་ཞུ་བ་དང་། རྒྱལ་དར་བསྒྲེངས་དུ་བཅུག་འདུག
རྒྱ་ནག་གཞུང་གིས་ས་ཡོམ་བྱུང་སའི་ས་ཁུལ་དུ་གུང་ཁྲན་ཏང་ལ་བཀའ་དྲིན་ཆེ་ཞུ་བ་དང་། རྒྱལ་དར་བསྒྲེངས་དུ་བཅུག་འདུག
ཕྱི་ཟླ་ ༣ ཚེས་༡༩ ཉིན་བོད་ཤར་ཕྱོགས་ཀྱི་ས་ཁུལ་འབྲི་རུ་རྫོང་དང་ཤག་རོང་པོའི་ས་གནས་འགའ་ཞིག་ལ་ས་ཡོམ་ཅུང་ཤུགས་ཆེན་པོ་ཞིག་བརྒྱབ་རྗེས། རྒྱ་ནག་གཞུང་གིས་གོ་སྐབས་དེ་དང་བསྟུན་ནས་མི་མང་ཚོར་གུང་ཁྲན་ཏང་ལ་བཀའ་དྲིན་ཆེ་ཞུ་བ་དང་། རྒྱ་དར་སྒྲེང་འཛུགས་བྱེད་པ་ལ་སོགས་པའི་དྲིལ་བསྒྲགས་ཀྱི་ལས་འགུལ་སྣ་ཚོགས་སྤེལ་བཞིན་ཡོད་འདུག
ས་གནས་དང་མིང་བརྗོད་འདོད་མེད་པ་ཞིག་གིས་འདི་གའི་གསར་ཁང་དུ་གནས་ཚུལ་མཁོ་སྤྲོད་བྱས་པ་ལྟར་ན། ཉེ་ཆར་འབྲི་རུ་རྫོང་དང་ཤག་རོང་པོ་ཁུལ་དུ་ས་ཡོམ་ཅུང་ཆེན་པོ་ཞིག་བརྒྱབ་ནས་སྡོད་ཁྱིམ་མང་པོར་གཏོར་སྐྱོན་བཟོས་རྗེས། ས་ཡོམ་བྱུང་སའི་ས་ཁུལ་ཁག་ཏུ་རྒྱ་གཞུང་གིས་གུར་མང་པོ་ཕུབ་ནས་གནོད་འཚེ་ཕོག་པའི་མི་མང་ལ་རོགས་སྐྱོར་བྱས་ཡོད་པའི་རྣམ་པ་འགའ་བརྙན་འཕྲིན་གྱི་ལམ་ནས་བསྟན་པ་དང་སྦྲགས། གོ་སྐབས་དེ་བཟུང་ནས་མང་ཚོགས་རྣམས་ཆབ་སྲིད་ཀྱི་ལག་ཆ་རུ་བེད་སྤྱད་དེ་མི་མང་གི་འདོད་མོས་ཡོད་མེད་ལ་མ་བལྟོས་པར་གནས་སྐབས་ཀྱི་སྡོད་གུར་རེ་རེའི་སྟེང་དུ་དར་དམར་འཛུགས་སུ་འཇུག་པ་དང་། གུང་ཁྲན་ཏང་ལ་བཀའ་དྲིན་ཞུ་རུ་བཅུག་པ། མང་ཚོགས་འདུ་སྐོང་དང་ཚོགས་འདུ་འདྲ་མིན་ཚོགས་ནས་རྒྱ་གཞུང་གི་མངོན་འདོད་དང་མཐུན་པའི་དྲིལ་སྒྲགས་ཤུགས་ཆེན་བྱེད་བཞིན་ཡོད་འདུག
རྒྱ་ནག་གི་གཞུང་འབྲེལ་གསར་ཁང་<<མི་དམངས་དྲྭ་བ་>>ཡིས་སྤེལ་བའི་གནས་ཚུལ་ལྟར་ན། ཟླ་༣ ཚེས་༡༩ ཉིན་གྱི་ཆུ་ཚོད་༡༤ དང་སྐར་མ་༡༡ ཐོག བོད་ལྗོངས་ནག་ཆུ་གྲོང་ཁྱེར་འབྲི་རུ་རྫོང་ཁོངས་སུ་ས་ཡོམ་རིམ་པ་༦.༡ བྱུང་འདུག་ཅིང་། ས་ཡོམ་རྒྱག་སའི་ས་ཁུལ་ལྟེ་བ་ནི་ཤག་ཆུའི་ཁུལ་དང་སྟར་ཆེན་གཉིས་ཡིན་འདུག ས་ཡོམ་གྱི་གནོད་སྐྱོན་འོག་སྡོད་ཁྱིམ་མང་པོར་གཏོར་སྐྱོན་ཐེབས་ཡོད་ན་ཡང་། མིའི་ཚེ་སྲོག་ལ་གནོད་འཚེ་ཐེབས་པའི་གནས་ཚུལ་མི་འདུག
དེང་སྐབས་རྒྱ་ནག་གཞུང་གིས་བོད་སྤྱི་དང་བྱེ་བྲག་ཏུ་མདོ་ཁམས་འབྲི་རུ་རྫོང་དང་ཤག་རོང་པོའི་ཕྱོགས་སུ་དམ་དྲག་བྱེད་ཤུགས་ཆེ་རུ་བཏང་ནས། དུས་རྒྱུན་དུ་ཆབ་སྲིད་ཀྱི་དོ་དམ་ནན་པོ་དང་འཇིགས་སྐུལ། མི་སྣ་མང་པོ་བཙན་ཁྲིད་ཀྱིས་གར་སོང་ཆ་མེད་དུ་སྒྱུར་བཞིན་ཡོད་པ་རེད།
རྒྱ་ནག་གཞུང་གིས་ཐེངས་འདིའི་ས་ཡོམ་བྱུང་སའི་ཤག་རོང་པོའི་ས་ཁུལ་ནས་འཛིན་བཟུང་བཙོན་འཇུག་བྱས་པའི་མི་སྣ་མང་པོ་ཞིག་གི་གནས་སྟངས་ཕྱི་ནས་ཤེས་རྟོགས་མ་ཐུབ་པར་ལྷག་ཡོད་པ་རེད། དཔེར་ན་༢༠༡༨ ཀྱི་ཕྱི་ཟླ་གསུམ་པའི་ཟླ་མཇུག་ཙམ་ནས་འཛིན་བཟུང་བྱས་པའི་ཤག་རོང་པོ་རྟ་ཆེན་ཡུལ་ཚོ་སྲ་ཁུ་ནས་ཡིན་པའི་ཚོང་པ་བསྟན་འཛིན་ཆོས་འཕེལ་དང་། ཉིས་སྟོང་༢༠༡༩ ཟླ་ ༡༠ པའི་ནང་བཙན་ཁྲིད་འོག་གར་སོང་ཆ་མེད་དུ་གྱུར་བ་ཚ་ལྷེའི་གྲོང་ཚོ་ནས་ཡིན་པ་ལྷ་དར་དང་། ༢༠༡༩ ཟླ་༩ ཚེས་༢༠ ལ་འཛིན་བཟུང་བྱས་པའི་སྲ་བྷ་གྲོང་ཚོ་ནས་ཡིན་པའི་ནོར་བཟང་བཅས་ཀྱི་གནས་སྟངས་ད་དུང་ཡང་ཤེས་རྟོགས་མ་ཐུབ་པར་ལུས་ཡོད། །
གསར་འགོད་པ་དཀོན་མཆོག་རབ་བརྟན།