རྒྱ་ནག་གི་ཉེན་རྟོག་པ་དང་ཡུལ་མིའི་བར་གདོང་ཐུག
རྒྱ་ནག་ལྷོ་ཕྱོགས་ཀང་ཀྲུའུ་ཞིང་ཆེན་གྱི་གྲོང་གསེབ་ཝུ་ཀན་དུ་མི་མང་ངོ་རྒོལ་བ་དང་ཉེན་རྟོག་པ་གདོང་ཐུག་བྱུང་ནས། ད་ལྟའི་ཆར་གྲོང་གསེབ་དེ་དམ་དྲག་འོག་གནས་ཡོད་འདུག
དེ་ཡང་ཟླ་འདིའི་ཚེས་༡༣ ཉིན་གྱི་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། ཚེས་༡༣ ཉིན་གྱི་ཐོ་རངས་ཙམ་ལ་ཉེན་རྟོག་པས་མི་༡༣ འཛིན་བཟུང་བྱས་པས། མི་མང་གིས་ངོ་རྒོལ་བྱས་འདུག་པ་དང་། ཉེན་རྟོག་པས་ངོ་རྒོལ་བར་འགྱིག་མདེའུ་དང་། མིག་ཆུ་དུག་རླངས་སོགས་གཡུག་ནས་དྲག་གནོན་བྱས་ཡོད་འདུག
ངོ་རྒོལ་དེ་ཡང་ཝུ་ཀེན་གྲོང་གསེབ་ཀྱི་མང་གཙོའི་ཐོག་ནས་འདེམ་བསྐོ་བྱས་པའི་འགོ་ཁྲིད་ལིན་ལ། རྒྱ་གཞུང་གིས་ལྐོག་ཟ་རུལ་སུངས་ཀྱི་ནག་ཉེས་བཙུགས་ནས་ལོ་གསུམ་གྱི་བཙོན་འཇུག་ཁྲིམས་ཐག་བཅད་ནས། བདུན་ཕྲག་གཅིག་གི་རྗེས་ལ་བྱུང་བ་ཡིན་འདུག དེ་བཞིན་རྒྱ་གཞུང་གིས་བརྒྱུད་ལམ་ཁག་ཏུ་ཁོང་གིས་ནག་ཉེས་ངོས་ལེན་བྱས་པའི་བརྙན་ཐུང་ཞིག་ཁྱབ་བསྒྲགས་བྱས་ཡོད་ཀྱང་། མི་མང་གིས་དེ་ནི་བཙན་དབང་ཐོག་བྱེད་དུ་བཅུག་པ་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད་འདུག
མི་མང་གིས་ཉེན་རྟོག་པར་རྡོ་དང་ས་ཕག་འཕེན་བཞིན་ཡོད་པ་དང་། དེ་བཞིན་མི་མང་ཁག་ཅིག་ལ་ཁྲག་འཛག་བཞིན་པ་སོགས་ཀྱི་པར་དང་བརྙན་ཐུང་མང་པོ་ཞིག་རྒྱ་ནག་གི་སྤྱི་ཚོགས་འབྲེལ་མཐུད་དྲ་རྒྱ་ཁག་ཏུ་སྤེལ་ཡོད་འདུག་ཀྱང་། པར་དང་བརྙན་ཐུང་དེ་དག་དངོས་ཡོད་ཡིན་མིན་ར་ཕྲོད་བྱེད་ཐུབ་མིན་དོགས་གཞི་བྱུང་ཡོད་པ་རེད།
དེ་བཞིན་ཉེན་རྟོག་པས་མི་༥ ཡི་པར་དང་མིང་སོགས་བརྙན་འཕྲིན་ནང་ཁྱབ་བསྒྲགས་བྱས་ནས། ཁོ་ཚོ་རྙེད་མཁན་ལ་རྒྱ་སྒོར་འབུམ་གཅིག་རྔན་པ་སྤྲོད་རྒྱུ་ཡིན་ལུགས་བརྗོད་འདུག་པ་ལས། ཁོ་ཚོས་ནག་ཉེས་གང་བསགས་ཡོད་མེད་སྐོར་ལ་གང་ཡང་བརྗོད་མེད་འདུག
ཕྱི་ལོ་༢༠༡༡ ལོར་ཝུ་ཀན་གྲོང་གསེབ་ལ་རྒྱལ་སྤྱིའི་ཐོག་དོ་སྣང་ཆེན་པོ་བྱུང་ཡོད་པ་དང་། དེ་ཡང་སྐབས་དེར་གྲོང་གསེབ་དེའི་ངོ་རྒོལ་བའི་འགོ་ཁྲིད་ཅིག་བཙོན་ཁང་ནང་དུ་གྲོངས་ཡོད་པས། མི་མང་གིས་ངོ་རྒོལ་ཤུགས་ཆེན་བྱས་པ་མ་ཟད། གྲོང་ནང་དུ་ཡོང་སའི་ལམ་བཀག་ནས་བདུན་ཕྲག་གཅིག་ཙམ་ཉེན་རྟོག་པར་ཁ་གཏད་བཅག་འདུག ཁོ་ཚོས་གཞུང་གིས་ཁྲིམས་འགལ་གྱི་ས་ཆ་བདག་བཟུང་བྱས་པར་ངོ་རྒོལ་དང་། དེ་བཞིན་གྲོང་གསེབ་ཀྱི་དཔོན་པོ་མང་གཙོའི་ཐོག་འོས་བསྡུ་བྱེད་རྒྱུའི་དགོས་འདུན་བཏོན་འདུག སྐབས་དེར་རྒྱལ་སྤྱིའི་ཐོག་ནས་དོ་སྣང་ཤུགས་ཆེན་ལ་བརྟེན་ནས། རྒྱ་གཞུང་གིས་ཁོ་ཚོའི་མངོན་འདོད་ལྟར་འོས་བསྡུ་བྱེད་བཅུག་པ་དང་།ས་ཆའི་བདག་དབང་གི་རྙོག་གྲར་ཞིབ་འཇུག་བྱེད་རྒྱུ་ཁས་ལེན་བྱེད་དགོས་བྱུང་འདུག་པས། གྲོང་གསེབ་དེར་མང་གཙོའི་གྲོང་གསེབ་དང་མང་གཙོའི་རྨང་གཞི་མཚོན་དོན་ཞེས་མིང་འབོད་ཀྱི་ཡོད་འདུག་ཀྱང་། ཉེ་ཆར་མི་མང་གིས་འོས་འདེམས་བྱས་པའི་འགོ་ཁྲིད་དེ་གཞུང་གིས་འཛིན་བཟུང་བྱས་པས་གནས་ཚུལ་དེ་བྱུང་བ་ཡིན་འདུག །
གསར་འགོད་པ་སྐལ་བཟང་དོན་གྲུབ།