རྒྱ་ནག་གི་ཉེན་རྟོག་པས་བོད་མི་གཅིག་འབྲི་ཆུའི་ནང་དུ་འཕངས་རྗེས། ཁོང་གི་རོགས་པར་མེ་མདའ་བརྒྱབ་ནས་རྨས་སྐྱོན་ཚབས་ཆེན་བཟོས་ཡོད་འདུག
སྐྱེ་དགུ་མདོ་ནས་རྒྱ་ནག་གཞུང་གི་ཉེན་རྟོག་པས་རིག་གྲགས་ཞེས་པའི་སྐྱེས་པ་ཞིག་འབྲི་ཆུའི་ནང་གཡུགས་པ་མ་ཟད། ཁོང་གི་རོགས་པ་ཤེས་རབ་རྒྱ་མཚོ་ལ་མེ་མདའ་བརྒྱབ་ནས་རྨས་སྐྱོན་ཚབས་ཆེན་བཟོས་ཡོད་འདུག
བོད་ཀྱི་གསར་ཁང་ཁག་ནས་གནས་ཚུལ་སྤེལ་གསལ་ལྟར་ན། ཁ་སང་ཕྱི་ཚེས་༡༥ ཉིན་གྱི་ཕྱི་དྲོར་རྒྱ་ནག་གཞུང་གི་ཉེན་རྟོག་པས་རིག་གྲགས་ཞེས་པའི་སྐྱེས་པ་ཞིག་ལ་འབུད་རྒྱག་བརྒྱབ་ནས་འབྲི་ཆུའི་ནང་དུ་འཕངས་རྗེས། ཁོང་གི་རོགས་པ་ཤེས་རབ་རྒྱ་མཚོ་ལའང་མེ་མདའ་བརྒྱབས་ནས་རྨས་སྐྱོན་ཚབས་ཆེན་བཟོས་པའི་གནས་ཚུལ་བྱུང་ཡོད་འདུག
དེ་ཡང་རིག་གྲགས་དང་། ཤེས་རབ་རྒྱ་མཚོ། མགུར་སྐྱབས་གསུམ་སྐྱེ་རྒུ་མདོ་ཁུལ་ཐོག་ནས་རླངས་འཁོར་བསྐོར་ནས་སྡོམ་མདའ་ལ་ཡོང་བའི་ལམ་བར་དུ། ཨང་གྲངས་མེད་པའི་རླངས་འཁོར་ནས་སྒྲིག་ཆས་མ་གྱོན་པའི་ཉེན་རྟོག་པ་བཞི་ཡོང་ནས་ཁོ་ཚོའི་རླངས་འཁོར་ལ་རྒྱུ་མཚན་མེད་པར་སྔོག་བཤེར་བྱེད་སྐབས། རིག་གྲགས་ཀྱིས་ཉེན་རྟོག་པ་བཞི་པོར་ལས་ཁུངས་གང་ནས་ཡིན་མིན་དང་། རྒྱུ་མཚན་མེད་པར་སྔོག་བཤེར་བྱེད་མི་ཆོག་སྐོར་གྱི་རྩོད་པ་བྱས་པར། ཉེན་རྟོག་པ་རྣམས་ཁོང་ཁྲོ་ལངས་ནས་ཁོང་ལ་འབུད་རྒྱག་གིས་འབྲི་ཆུའི་ནང་དུ་འཕངས་པ་ན། ཁོང་གི་རོགས་པ་ཤེས་རབ་རྒྱ་མཚོ་ཉེན་རྟོག་པའི་ཐོག་ལ་རྒྱུག་སྐབས། ཁོང་ལའང་མེ་མདའ་བརྒྱབ་ཏེ་རྨས་སྐྱོན་ཚབས་ཆེན་བཏང་ཡོད་འདུག
དོན་རྐྱེན་དེ་བྱུང་མ་ཐག་འགྲུལ་བ་གཞན་མང་པོ་ཞིག་བསླེབས་ནས་བར་ཕྱེས་པ་དང་། ཤེས་རབ་རྒྱ་མཚོ་མྱུར་དུ་སྨན་ཁང་དུ་ཁྲིད་དེ་ཛ་དྲག་སྨན་བཅོས་བྱས་པར་བརྟེན་སྲོག་ཉེན་ལས་ཐར་ཙམ་བྱུང་འདུག་ན་ཡང་། འབྲི་ཆུའི་ནང་དུ་གཡུགས་པའི་རིག་གྲགས་ཀྱི་ཕུང་པོ་རྙེད་མ་ཐུབ་པར་ལྷག་ཡོད་འདུག
ཉེ་བའི་ཆར་རྒྱ་ནག་གཞུང་གིས་སྐྱེ་རྒུ་མདོ་ཡིས་མཚོན་པའི་བོད་ཀྱི་ས་ཁུལ་ཁག་ཏུ་སྔོག་བཤེར་ས་ཚུགས་མང་པོ་གསར་འཛུགས་བྱས་ཏེ་དམག་མི་དང་ཉེན་རྟོག་པ་འགྲེམས་འཇོག་དང་། དྲ་བར་སྔར་བས་ཞིབ་བཤེར་བྱས་ཏེ་བོད་མི་རྣམས་ཀྱི་འགྲོ་འདུག་རང་དབང་དང་། དྲ་བའི་རང་དབང་ལ་སྔར་བས་ཀྱང་སྟངས་འཛིན་དང་དམ་དྲག་ཆེན་པོ་བྱེད་བཞིན་ཡོད་འདུག
འབྲི་ཆུའི་ནང་དུ་གཡུགས་པའི་རིག་གྲགས་ནི་ཁྲིན་འདུ་རྫོང་ནས་ཡིན་ཞིང་རང་ལོ་༥༠ ལྷག་ཡིན་འདུག་ཅིང་། བཟའ་ཟླའི་མིང་ལ་བཟང་མོ་དང་ཤུལ་དུ་བུ་མོ་གཉིས་ཡོད་འདུག ཤེས་རབ་རྒྱ་མཚོ་ནི་ཕ་ཡུལ་སྡོམ་མདའ་དར་དམར་སྡེ་བ་ནས་ཡིན་པ་དང་ལོ་ ༢༦ ཡིན་པ་དང་། ཁོང་གི་ཕ་མིང་ལ་ཀརྨ་དང་ཨ་མའི་མིང་ལ་ཚེ་ལྷ་ཡིན་ཟེར་གྱི་ཡོད་པ་དང་། ནང་མི་ལྔ་ཡོད་འདུག །
གསར་འགོད་པ་དཀོན་མཆོག་རབ་བརྟན།