རྒྱ་ནག་གི་ཕྱི་སྲིད་བློན་ཆེན་གར་སོང་ཆ་མེད་དུ་གྱུར་དོན་གང་ཡིན་ནམ།
ཟླ་འདིའི་ཚེས་༡༡ ཉིན་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ་ལྟར་ན། འདས་པའི་བདུན་ཕྲག་གཉིས་ལྷག་གི་རིང་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་མཐོང་རྒྱུ་མེད་པ་ཆགས་ཡོད་པ་དང་། ཡུ་རོབ་སྤྱི་མཐུན་ཚོགས་པའི་ཕྱི་སྲིད་ལས་ཁུངས་ཀྱི་འགན་འཛིན་རྒྱ་ནག་ཏུ་ཕེབས་རྒྱུའི་ལས་འཆར་ལ་ཡང་འགྱུར་བ་བཏང་ཡོད་པའི་གནས་ཚུལ་ཐོན་འདུག

བདུན་འདིའི་རེས་གཟའ་ཕུར་བུ་དང་པ་སངས་བཅས་ཉིན་གཉིས་ཀྱི་རིང་། ལྷོ་ཤར་ཨེ་ཤེ་ཡའི་རྒྱལ་ཁབ་ཁག་གི་ལོ་འཁོར་ཚོགས་འདུ་དེ་ཧིན་རྡུ་ནི་ཤི་ཡའི་རྒྱལ་ས་ཇེ་ཀ་ཏ་(Jakarta) ལ་སྐོང་འཚོག་བྱེད་འཆར་ཡོད་པ་དང་། ལོ་ལྟར་རྒྱལ་ཁབ་ཁག་གི་ཕྱི་སྲིད་བློན་ཆེན་དག་འཛོམས་ནས་གནད་དོན་འདྲ་མིན་ཐོག་གྲོས་བསྡུར་གནང་སྲོལ་ཡོད་པ་ལྟར། ལོ་འདིའི་ལྷན་ཚོགས་ཀྱི་ཐོག་ཏུ་ཡང་འབར་མའི་ནང་ཆབ་སྲིད་ཀྱི་དཀའ་རྙོག་དང་ལྷོ་རྒྱ་ནག་རྒྱ་མཚོའི་གནད་དོན་སོགས་ཀྱི་ཐོག་ལ་གྲོས་བསྡུར་གནང་རྒྱུའི་ཚོད་དཔག་བྱེད་བཞིན་འདུག
རྒྱ་ནག་གི་ཕྱི་སྲིད་ལས་ཁུངས་ཀྱིས་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཆིང་ཀང་ནད་པ་ཡིན་པས་ཁོང་གི་ཚབ་ལ་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཟུར་པ་ཝང་ཡི་(Wang yi) ་ཚོགས་འདུ་ལ་བཅར་གྱི་རེད་ཅེས་བརྗོད་འདུག
བདུན་ཕྲག་འདིའི་རེས་གཟའ་ཟླ་བའི་ཉིན་ཡུ་རོབ་མཐུན་ཚོགས་ཀྱི་ཕྱི་སྲིད་ལས་ཁུངས་ཀྱི་འགན་འཛིན་(Josep Borrel) ་རྒྱ་ནག་ཏུ་ཕེབས་ནས་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་དང་ཆེས་མཐོའི་འགོ་ཁྲིད་ཁག་ཅིག་དང་མཇལ་འཕྲད་གནང་འཆར་ཡོད་ཀྱང་། རྒྱ་ནག་གཞུང་གིས་གློ་བུར་དུ་ཁོང་ཉིད་ཀྱི་འཚམས་གཟིགས་ཕྱིར་འཐེན་བྱེད་བཅུག་ཡོད་འདུག་ལ། ཕྱིར་འཐེན་བྱེད་དགོས་དོན་ཡང་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ལ་ཐུག་ཡོད་འདུག
རྒྱ་གཞུང་གི་ཕྱི་སྲིད་ལས་ཁུངས་ཀྱི་དྲྭ་རྒྱའི་ཐོག་ལྟར་ན། ཟླ་༦ ཚེས་༢༥ ཉིན་ཁོང་དང་ཨུ་རུ་སུའི་ཕྱི་སྲིད་བློན་ཆེན་གྱི་མགྲིན་ཚབ་པ་(Andrey Rudenko) ་གཉིས་རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་ཐུག་འཕྲད་ཀྱིས་ཨུ་རུ་སུ་དང་རྒྱ་ནག་གི་འབྲེལ་བའི་ཐོག་གྲོས་བསྡུར་བྱས་ཡོད་པ་མ་ཟད། ཉིན་དེར་ཝེ་ཐེ་ནམ་(Vietnam) ་དང་ཤྲི་ལང་གའི་ཕྱི་སྲིད་བློན་ཆེན་གཉིས་དང་མཇལ་འཕྲད་གནང་ཡོད་འདུག ཉིན་དེ་ནི་ཁོང་གི་གཞུང་དོན་གྱི་ལས་ཀའི་གནས་ཚུལ་དྲྭ་ཐོག་ཏུ་བཀོད་པ་མཐའ་མ་དེ་ཆགས་ཡོད་འདུག
འདས་པའི་ཉིན་ཤས་རིང་ཨ་རིའི་ནོར་སྲིད་དྲུང་ཆེ་ཇེ་ནེ་ཊི་ཡེ་ལེན་(Janet Yellen) ་རྒྱ་ནག་ཏུ་ཕེབས་ནས་སྲིད་བློན་ལི་ཆང་སོགས་དང་མཇལ་འཕྲད་གནང་ཡོད་པ་དང་། རྒྱ་ནག་གི་སྲིད་འཛིན་ཞི་ཅིང་ཕིང་དང་སོ་ལོ་མོང་གླིང་ཚོམ་(Solomon Islands) ་གྱི་སྲིད་བློན་སོ་གྷ་ཝ་རལ་(Sogavare) ་གཉིས་མཇལ་འཕྲད་གནང་ཡོད་ཀྱང་། མཇལ་འཛོམས་དེ་དག་ཐམས་ཅད་ནང་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་མཐོང་རྒྱུ་མེད་པ་རེད་འདུག
རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཆིང་ཀང་ནི་ལོ་༥༧ ཡིན་པ་དང་། ལོ་སྔོན་མའི་ཕྱི་ཟླ་༡༢ ནང་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་དུ་བསྐོ་བཞག་བྱས་ཡོད་འདུག འདས་པའི་བདུན་ཕྲག་གཉིས་ལྷག་གི་རིང་ཁོང་ཉིད་མཐོང་རྒྱུ་མེད་པ་ཆགས་པར་བརྟེན། ཁོང་ནི་མི་མང་པོའི་དོ་སྣང་བྱེད་ས་དང་གླེང་སློང་བྱེད་ཡུལ་ཞིག་ཏུ་འགྱུར་བཞིན་ཡོད་འདུག །
གསར་འགོད་པ། བློ་བཟང་རྒྱ་མཚོ།
