རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཆིན་ཀང་ཕྱིར་འཕུད་བཏང་འདུག

 

ཟླ་བ་གཅིག་ཙམ་རིང་གར་སོང་ཆ་མེད་དུ་གྱུར་པའི་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཆིང་ཀང་(Qin Gang) ཁ་སང་ཕྱིརའཕུད་བཏང་ཡོད་འདུག་ལ། ཁོ་ཕྱིར་འཕུད་བཏང་རྗེས་ཕྱི་སྲིད་བློན་ཆེན་ཟུར་པ་ཝང་ཡེན་(Wang Yi) བསྐྱར་དུ་ཕྱི་སྲིད་བློན་ཆེན་ལ་བསྐོས་ཡོད་འདུག 

ཕྱི་ཚེས་༢༥ ཉིན་སྦི་སྦི་སི་གསར་ཁང་གཙོས་པའི་རྒྱལ་སྤྱིའི་གསར་ཁང་ཁག་ནས་གནས་ཚུལ་ཐོན་གསལ་ལ། ཁ་སང་རྒྱ་ནག་རྒྱལ་ཡོངས་མི་མང་འཐུས་མི་ཚོགས་ཆེན་གྱི་རྒྱུན་ལས་རྣམས་དམིགས་བསལ་ཚོགས་ཆེན་ཞིག་འཚོགས་ནས། ཆིན་ཀང་ཕྱི་སྲིད་བློན་ཆེན་གྱི་གོ་གནས་ནས་ཕྱིར་འཕུད་བཏང་ཡོད་པ་དང་། ཕྱི་སྲིད་བློན་ཆེན་ཟུར་པ་ཝང་ཡེན་བསྐྱར་དུ་ཕྱི་སྲིད་བློན་ཆེན་དུ་བསྐོས་ཡོད་པ་གཞུང་འབྲེལ་གྱིས་ཁྱབ་བསྒྲགས་བྱས་ཡོད་འདུག ཆིན་ཀང་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་བྱས་ནས་ད་བར་ཟླ་བ་བདུན་ལས་ཕྱིན་མེད་ཀྱང་ཁོ་ཕྱིར་འཕུད་བཏང་འདུག་ཅིང་ད་ལོ་ཁོ་རང་ལོ་༥༧ ཡིན་པ་དང་། ཞིན་ཅིང་ཕེང་གི་བློ་ཐག་ཉེ་ཤོས་ཀྱི་མི་ཞིག་ཡིན་པ་སྲིད་དོན་དཔྱད་བརྗོད་པ་དག་གིས་རྗོད་ཀྱི་ཡོད་འདུག 

འོན་ཀྱང་། ཉེ་ཆར་ཕྱི་ཟླ་༦ ཚེས་༢༥ ནས་ཁོ་རྒྱ་ནག་གི་ཚོགས་ཆེན་ཁག་དང་། དེ་སྔོན་ཨིན་ཌོ་ནི་ཤི་ཡའི་ནང་རྒྱལ་ཁབ་མང་པོ་ཞིག་གི་ལྷན་ཚོགས་འཚོགས་ཡོད་ཀྱང་། རྒྱ་ནག་ཕྱི་སྲིད་ལྷན་ཁང་གིས་ཆིན་ཀང་གཟུགས་གཞི་བདེ་པོ་མེད་པའི་རྐྱེན་གྱིས་འགྲོ་ཐུབ་ཀྱི་མེད་པར་བརྗོད་འདུག་ལ། ནད་གཞི་གང་དུ་ཕོག་ཡོད་མེད་དང་། སྨན་ཁང་དུ་ཡོད་མེད་སོགས་གནས་ཚུལ་གང་ཡང་བརྗོད་མེད། དེ་རྗེས་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཆིང་ཀང་མཐོང་རྒྱུ་མེད་པར་གྱུར་ནས་དུས་ཡུན་གང་འཚམ་འདས་ཀྱང་། གནས་ཚུལ་གང་ཡང་མེད་པར་བརྟེན། རྒྱ་ནག་དང་རྒྱལ་སྤྱིའི་སྤྱི་ཚོགས་ཁྲོད་གླེང་སློང་ཆེན་པོ་བྱས་པའི་རྐྱེན་གྱིས་རྒྱ་ནག་ཕྱི་སྲིད་ལྷན་ཁང་ནས་གསར་འགོད་པར་བརྗོད་དོན་ལ་ཆིང་ཀང་ད་ཆར་གཟུགས་གཞི་བདེ་པོ་མེད་ཚུལ་བརྗོད་པ་ལས་གཞན་གནས་ཚུལ་གང་ཡང་བརྗོད་མེད། སྤྱིར་བཏང་རྒྱ་ནག་ནང་འགོ་ཁྲིད་མཐོ་གྲས་རིགས་དུས་ཡུན་གང་འཚམ་རིང་གར་སོང་ཆ་མེད་དུ་གྱུར་པ་ནི་རྒྱུན་ལྡན་ལྟ་བུ་ཡིན་འདུག་ཀྱང་། ཆིན་ཀང་ཟླ་བ་གཅིག་ཙམ་གྱི་རིང་གར་སོང་ཆ་མེད་དུ་གྱུར་ནས་ཟླ་བ་གཅིག་གི་རྗེས་སུ་ཁོ་ཕྱི་སྲིད་བློན་ཆེན་གྱི་གོ་གནས་ནས་ཕྱིར་འཕུད་བཏང་བ་ནི་རྒྱུན་ལྡན་ཞིག་གཏན་ནས་མིན་པ་སྲིད་དོན་དཔྱད་བརྗོད་པ་དག་གིས་རྗོད་བཞིན་འདུག 

ཁོ་ཕྱི་སྲིད་བློན་ཆེན་ནས་ཕྱིར་འཕུད་བཏང་བ་དེ་ལ་འགྲེལ་བརྗོད་འདྲ་མིན་བྱེད་བཞིན་འདུག་ལ། འགའ་ཤས་ཀྱིས་བརྗོད་དོན་ལ་ཆིན་ཀང་དང་ཧོང་ཀོང་ནང་རྟེན་གཞི་བྱས་པའི་(Phoenix Televeision )ཟེར་བའི་བརྙན་འཕྲིན་ཁང་གི་གསར་འགོད་པ་བུད་མེད་གཅིག་དང་ཕོ་མོའི་བརྩེ་དུང་གི་འབྲེལ་བ་ཡོད་ཚུལ་དང་། བུད་མེད་དེ་ནུབ་ཕྱོགས་རྒྱལ་ཁབ་ལ་སློབ་སྦྱོང་བྱས་ཡོད་པར་བརྟེན། ཆིན་ཀང་གིས་བུད་མེད་དེའི་བརྒྱུད་ནས་རྒྱལ་ཁབ་ཀྱི་གསང་བ་མང་པོ་ཕྱིར་ཤོར་ཡོད་པའི་རྐྱེན་གྱིས་ཁོ་ཕྱིར་འཕུད་བཏང་བ་ཡིན་པར་རྗོད་བཞིན་འདུག ཡང་བཤད་ཡ་གཞན་ཞིག་ནི་རྒྱ་ནག་གི་མཐོ་རིམ་འགོ་ཁྲིད་ཁྲོད་དབང་ཆའི་འཐབ་རྩོད་ཆེན་པོ་ཡོད་པའི་རྐྱེན་གྱིས་རེད་ཅེས་རྗོད་མཁན་ཡང་ཡོད་འདུག གང་ལྟར་ཁོ་ཕྱིར་འཕུད་བཏང་བ་དེ་རྒྱུ་རྐྱེན་གང་ཡིན་པ་དང་། ཉེས་ཆད་གང་ཕོག་སྲིད་མིན་སོགས་ནི་ད་ལྟ་ཤེས་རྟོགས་ཡོང་གི་མི་འདུག

གསར་འགོད་པ། བསོད་ནམས་ཕུན་ཚོགས།