རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཨུ་རུ་སུ་ལ་འགྲོ་རྒྱུ་ཡིན་འདུག 

ད་ཆར་ཨུ་རུ་སུ་དང་ཡུག་རེན་གཉིས་བར་དམག་འཁྲུག་རྒྱག་བཞིན་པའི་སྐབས་འདིར། རྒྱ་ནག་གིས་ཨུ་རུ་སུ་ལ་སྐྱོན་བརྗོད་བྱེད་རྒྱུ་ལས་ལྡོག་སྟེ་རྒྱབ་སྐྱོར་བྱེད་ཀྱི་ཡོད་པ་དང་། ཐེངས་འདིར་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཨུ་རུ་སུ་ལ་ཕྱིན་ནས་ཨུ་རུ་སུ་དང་རྒྱ་ནག་གཉིས་ཀྱི་བདེ་སྲུང་སྐོར་གྲོས་བསྡུར་བྱེད་རྒྱུ་ཡིན་འདུག 

ཕྱི་ཚེས་༡༨ ཉིན་རྒྱལ་སྤྱིའི་གསར་ཁང་ཁག་ནང་གནས་ཚུལ་ཐོན་གསལ་ལ། རྒྱ་ནག་གི་ཕྱི་སྲིད་བློན་ཆེན་དེ་རིང་ནས་ཉིན་གྲངས་བཞིའི་རིང་ཨུ་རུ་སུར་ཕྱིན་ནས་རྒྱ་ནག་དང་ཨུ་རུ་སུ་གཉིས་ཀྱི་བདེ་སྲུང་སྐོར་གྲོས་བསྡུར་བྱེད་རྒྱུ་ཡིན་འདུག ཐེངས་འདིའི་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་གྱི་ལྟ་སྐོར་དེ་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་གྱི་ལྟ་སྐོར་སྔ་ཤོས་དེ་ཡིན་འདུག ཨུ་རུ་སུ་དང་རྒྱ་ནག་གཉིས་ནི་དམག་དང་དཔལ་འབྱོར་གཉིས་ཀྱི་ཐོག་ནས་མཉམ་ལས་བྱས་ཏེ་མཐུན་གྲོགས་རྒྱལ་ཁབ་ཡིན་པ་ངོས་འཛིན་བྱེད་ཀྱི་ཡོད། 

ཕྱི་ལོ་༢༠༢༢ ཟླ་བ་༢་ནང་ཨུ་རུ་སུས་ཡུག་རེན་ལ་དམག་འཁྲུག་རྒྱག་འགོ་བཙུགས་པ་ནས་བཟུང་། ཨུ་རུ་སུ་དང་རྒྱ་ནག་བར་འབྲེལ་ལམ་ཐག་ཉེ་རུ་ཕྱིན་ཡོད་པ་དང་། རྒྱ་ནག་གིས་ཨུ་རུ་སུས་ཡུག་རེན་ནང་བཙན་འཛུལ་བྱེད་པ་རྒྱ་ནག་གིས་ནམ་ཡང་སྐྱོན་བརྗོད་བྱེད་ཀྱི་མེད། དེ་རིང་ཚེས་༡༨ ཉིན་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་གྱིས་བརྗོད་དོན་ལ། ཐེངས་འདིར་ཁོ་ཨུ་རུ་སུ་འགྲོ་རྒྱུ་དེ་ཨུ་རུ་སུ་དང་རྒྱ་ནག་བར་གྱི་ཐེངས་༡༨ པའི་བདེ་སྲུང་མཉམ་འབྲེལ་གྱི་གྲོས་མཐུན་འཇོག་རྒྱུ་ཡིན་པར་བརྗོད་པ་དང་།

ཨུ་རུ་སུའི་ཕྱི་སྲིད་བློན་ཆེན་གྱིས་བརྗོད་དོན་ལ་ཐེངས་འདིར་རྒྱ་ནག་གི་ཕྱི་འབྲེལ་བློན་ཆེན་གྱིས་དོན་ལ་རྒྱལ་ཁབ་གཉིས་མཉམ་འབྲེལ་གྱི་ཐོག་ནས་རྒྱལ་སྤྱིའི་གནད་དོན་ཐོག་གོ་བསྡུར་བྱེད་རྒྱུ་ཡིན་པར་བརྗོད་འདུག དེ་བཞིན་ཨུ་རུ་སུའི་མགྲིན་ཚབ་པས་བརྗོད་དོན་ལ་ཐེངས་འདིའི་རྒྱལ་ཁབ་གཉིས་ཀྱི་ཕྱི་སྲིད་བློན་ཆེན་གཉིས་ཀྱིས་ཡུག་རེན་དང་ཨུ་རུ་སུའི་བར་གྱི་དམག་འཁྲུག་ཞི་འཇམ་ཡོང་ཐབས་ཐད་གྲོས་སྡུར་བྱེད་འཆར་ཡོད་པ་དང་། ཨེ་ཤི་ཡའི་ཞི་བདེ་རྒྱ་མཚོའི་མངའ་ཁུལ་དུ་བདེ་སྲུང་སྐོར་གྲོས་སྡུར་བྱེད་རྒྱུ་ཡིན་པར་བརྗོད་འདུག 

ཨུ་རུ་སུ་དང་ཡུག་རེན་དམག་འཁྲུག་ ཐད་རྒྱ་ནག་གིས་ཕྱོགས་ལྷུང་མེད་པའི་ཐོག་ནས་རྒྱལ་སྤྱིའི་ཐོག་བར་འདུམ་བྱེད་རྒྱུ་ཡིན་ཚུལ་དང་། ཨུ་རུ་སུ་ད་ཆར་རྒྱལ་སྤྱིའི་ཐོག་ཁེར་རྐྱང་དུ་ལྷག་ཡོད་པའི་སྐབས་འདིར་རྒྱ་ནག་གིས་དཔལ་འབྱོར་དང་བདེ་སྲུང་གཉིས་ཀྱི་ཐོག་ནས་རོགས་པ་བྱེད་རྒྱུ་ཡིན་ཚུལ་བརྗོད་འདུག ཟླ་བ་སྔོན་མ་རྒྱལ་ཁབ་གཉིས་ཀྱིས་སྐམ་དམག་དང་མཚོ་དམག་གཉིས་ཀྱི་དམག་སྦྱོང་བྱས་ཡོད་འདུག དེ་བཞིན་སྤྱི་ཟླ་༦ ནང་ཨུ་རུ་སུའི་སྲིད་འཛིན་པུ་ཊིན་གྱིས་བརྗོད་དོན་ལ་སྤྱི་ཟླ་༡༠ པའི་ནང་ཁོ་རྒྱ་ནག་ལ་ལྟ་སྐོར་འགྲོ་འཆར་ཡོད་པར་བརྗོད་འདུག དེ་སྔོན་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་སྤྱི་ཟླ་གསུམ་པའི་ནང་ཨུ་རུ་སུ་ལ་ལྟ་སྐོར་དུ་ཕྱིན་ཡོད་པ་དང་། སྐབས་དེ་དུས་ཞི་ཅིན་ཕིང་གིས་བརྗོད་དོན་ལ་ད་ཆར་ཨུ་རུ་སུ་དང་རྒྱ་ནག་གཉིས་ཀྱི་འབྲེལ་ལམ་ནི་རྒྱུན་ལྡན་དང་མི་འདྲ་བར་འབྲེལ་ལམ་ཁ་ཕྱོགས་གསར་པ་ཞིག་འགོ་འཛུགས་ཀྱི་ཡོད་པར་བརྗོད་འདུག 

ཨ་རིའི་ཕོ་བྲང་དཀར་པོའི་རྒྱལ་ཁབ་ཀྱི་བདེ་སྲུང་སློབ་སྟོན་པ་(Jake Sullivan)ཟེར་བ་དེ་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་(Wang Yi)དང་ལྷན་དུ་ཟླ་བ་འདིའི་ཚེས་༡༦དང་༡༧ ཉིན་ཆུ་ཚོད་འགའ་ཤས་རིང་གོ་བསྡུར་བྱུང་ཡོད་འདུག་ལ། སྐབས་དེ་དུས་དཔལ་འབྱོར་ཐོག་སྟོབས་ཆེ་ཤོས་ཀྱི་རྒྱལ་ཁབ་གཉིས་བར་གྱི་འབྲེལ་ལམ་བཟང་དུ་ཡོང་ཐབས་བྱས་ཡོད་ཚུལ་བརྗོད་ཡོད་འདུག 

གསར་འགོད་པ། བསོད་ནམས་ཕུན་ཚོགས།