རྒྱ་ནག་གི་ཚན་རིག་པས་ལོ་ལྔའི་གོང་ནས་ཏོག་དབྱིབས་ནད་འབུ་དམག་གི་ཆེད་དུ་བེད་སྤྱོད་བྱེད་ཆོག་ཚུལ་གླེང་ཡོད་འདུག
རྒྱ་ནག་གི་ཚན་རིག་པ་དང་སྨན་པ་ཚོས་ཕྱི་ལོ་ ༢༠༡༥ ལོར་བྲིས་པའི་ཡིག་ཆ་ཞིག་གི་ནང་དུ། སཱར་སི་ཏོག་དབྱིབས་ནད་འབུ་(SARS coronaviruses) ཚན་རྩལ་ལ་བརྟེན་ནས་འགྲོ་བ་མིའི་རིགས་ལ་འགོ་ཆོག་པའི་ནད་འབུ་ལ་བསྒྱུར་ཏེ། “ནད་འབུའི་མཚོན་ཆ་གསར་པ་”ཞིག་ཏུ་བཀོལ་སྤྱོད་བྱས་ན་ཆོག་ཚུལ་འཁོད་ཡོད་འདུག
“མཚོན་ཆར་བཀོལ་ཆོག་པའི་མིས་བཟོའི་ནད་རིགས་གསར་པ་”ཞེས་པའི་ཡིག་ཆ་དེའི་ནང་། འཛམ་གླིང་དམག་ཆེན་གསུམ་པ་དེ་ནད་འབུའི་མཚོན་ཆར་བརྟེན་ནས་འཁྲུག་ངེས་ཚུལ་འཁོད་ཡོད་པ་མ་ཟད། ཡིག་ཆ་དེའི་ནང་རྒྱ་དམག་གི་ཚན་རིག་པ་ཚོས་སཱར་སི་ཏོག་དབྱིབས་ནད་འབུ་དེ་དམག་གི་མཚོན་ཆར་བཀོལ་ན་ཆོག་ཚུལ་གླེང་སློང་བྱུང་ཡོད་འདུག
ཨོ་སི་ཁྲུ་ལི་ཡའི་སྲིད་བྱུས་ཉམས་ཞིབ་ཁང་(Australian Stratgic Policy Instititue) གི་སྤྱི་ཁྱབ་འགན་འཛིན་ཕིས་ཏར–ཇན་ནིན་(Peter Jennings) གྱིས་ཡིག་ཆ་དེ་ནི་ང་ཚོ་ལ་ཡོད་པའི་དཔང་རྟགས་གསར་ཤོས་ཤིག་ཡིན་ཚུལ་འགྲེལ་བརྗོད་བྱས་ཡོད་འདུག
ཁོང་གིས་“ངས་བལྟས་ན། འདི་ནི་ཧ་ཅང་གལ་གནད་ཅིག་རེད། རྒྱུ་མཚན་ནི་འདིས་རྒྱ་ནག་གི་ཚན་རིག་པ་ཚོས་ཏོག་དབྱིབས་ནད་འབུའི་རིགས་གཞན་ཞིག་དམག་གི་ཆེད་དུ་བེད་སྤྱོད་གཏོང་རྒྱུའི་ཐད་ལ་བསམ་བློ་གཏོང་བཞིན་ཡོད་པ་གསལ་པོར་བསྟན་ཡོད་”ཅེས་བརྗོད་ཡོད་འདུག
ཁོང་གིས་ད་དུང་ད་ལྟ་འཛམ་གླིང་དུ་ཁྱབ་བཞིན་པའི་ནད་ཡམས་འདི་ནི་རྒྱ་ནག་གིས་དམག་གི་ཆེད་དུ་བཟོས་པའི་ནད་འབུ་ཕྱི་རུ་ཤོར་བ་ཞིག་ཡིན་སྲིད་པ་ཤུགས་ཆེན་པོ་ཆགས་ཡོད་ཅེས་བཤད་པ་མ་ཟད། རྒྱ་ནག་གིས་ཕྱིིའི་རྒྱལ་ཁབ་ཁག་ལ་ཝུའུ་ཧན་ཏོག་དབྱིབས་ནད་ཡམས་ཀྱི་འབྱུང་ཁུངས་ལ་ཞིབ་འཇུག་བྱེད་དུ་མི་འཇུག་པའི་རྒྱུ་མཚན་ཡིག་ཆ་འདིས་འགྲེལ་བཤད་རྒྱག་ཐུབ་སྲིད་པ་ཞིག་རེད་ཅེས་བསྣན་ཡོད་འདུག
རྒྱ་ནག་གཞུང་གི་ཕྱི་རུ་ཤོར་བའི་གསང་བའི་ཡིག་ཆ་རྣམས་དངོས་རྫུན་གང་ཡིན་བརྟག་མཁན་རོ་བྷར་ཊི་(Robert Potter) ལ་ཡིག་ཆ་དེ་གང་ཡིན་སྐད་ཆ་དྲིས་པར། ཁོང་གིས་“ང་ཚོར་ཡིག་ཆ་འདི་དངོས་གནས་ཡིན་པའི་གདེང་ཚོད་ཆེན་པོ་ཡོད། འདི་རྫུན་མ་མ་རེད།ཡིན་ན་ཡང་། ཡིག་ཆ་འདི་ཚབས་ཆེན་པོ་ཅི་འདྲ་ཞིག་ཡིན་མིན་འགྲེལ་བཤད་བྱེད་མཁན་དེ་མི་གཞན་རེད་”ཅེས་བརྗོད་ཡོད་འདུག
ཝུའུ་ཧན་ཏོག་དབྱིབས་ནད་ཡམས་ཐོག་མར་ཕྱི་ལོ་ ༢༠༡༩ ལོའི་ལོ་སྨད་དུ་རྒྱ་ནག་དབུས་ཀྱི་གྲོང་ཁྱེར་ཝུའུ་ཧན་(Wuhan) ནས་ཁྱབ་འགོ་ཚུགས་པ་ནས་བཟུང་ད་ལྟ་ལོ་གཅིག་དང་ཕྱེད་ཀ་ཙམ་འགྲོ་བཞིན་ཡོད་པ་དང་། དུས་ཡུན་དེའི་ནང་ནད་པ་ས་ཡ་ ༡༥༧ དང་། ནད་འབུ་དེའི་རྐྱེན་གྱིས་ཤི་བ་ས་ཡ་ ༣.༢༨ ལྷག་བྱུང་ཡོད་པ་མ་ཟད། རྒྱ་གར་གྱིས་གཙོས་པའི་རྒྱལ་ཁབ་མང་པོ་ཞིག་ལ་ནད་ཡམས་ཀྱི་དཀའ་ངལ་ཤུགས་ཆེ་རུ་འགྱུར་བཞིན་ཡོད། འོན་ཀྱང་། རྒྱ་ནག་གིས་ཕྱིའི་རྒྱལ་ཁབ་ཁག་ལ་ནད་ཡམས་འདིའི་འབྱུང་ཁུངས་ཐོག་ལ་ཞིབ་འཇུག་མཐིལ་གཏིང་ཟབ་ཅིག་བྱེད་འཇུག་གི་མེད་པས། འཇིགས་སུ་རུང་བའི་ནད་ཡམས་འདིའི་འབྱུང་ཁུངས་གང་ཡིན་ད་དུང་ཡང་གསལ་པོ་ཆགས་མ་ཐུབ་པར་ལུས་ཡོད། །
གསར་འགོད་པ་དཀོན་མཆོག་རབ་བརྟན།