རྒྱ་ནག་གི་ཚོང་དོན་གྲོས་མོལ་བྱེད་མཁན་སྐུ་ཚབ་མཐོ་ཤོས་དེ་ཕྱིར་འབུད་བཏང་འདུག

ཨ་རི་དང་རྒྱ་ནག་གཉིས་བར་ཚོང་དོན་གྱི་རྩོད་རྙོག་ཆེན་པོ་འབྱུང་བཞིན་པའི་སྐབས་དེར་རྒྱལ་སྤྱིའི་ཚོང་དོན་ལྷན་ཚོགས་ནང་ཡོད་པའི་རྒྱ་ནག་གི་གཏན་འཇགས་ཚོང་དོན་སྐུ་ཚབ་ཉེ་ཆར་གོ་གནས་ནས་ཕུད་པ་ཡིན་ཞེས་བརྗོད་འདུག

པར། རོའུ་ཊར་གསར་ཁང་།

ཕྱི་ཚེས་༢༠ ཉིན་Reuters གཙོས་རྒྱལ་སྤྱིའི་གསར་ཁང་མང་པོ་ཞིག་གིས་གནས་ཚུལ་སྤེལ་དོན་ལྟར་ན། ཁ་སང་གཟའ་ཟླ་བའི་ཉིན་རྒྱལ་སྤྱིའི་ཚོང་དོན་ལྷན་ཚོགས་ནང་ཡོད་པའི་རྒྱ་ནག་གི་གཏན་འཇགས་སྐུ་ཚབ་(Li Chenggang)ཟེར་བ་དེ་གོ་གནས་ནས་ཕྱིར་འབུད་བཏང་ཡོད་འདུག་ཅིང་། མི་དེ་ཕྱིར་འབུད་མ་བཏང་སྔོན་གྱི་ཉིན་ཤས་གོང་ཨ་རིའི་ནོར་སྲིད་ལྷན་ཁང་གི་དྲུང་ཆེ་Scott Bessent ཡིས་གོང་གསལ་རྒྱ་ནག་གི་ཚོང་དོན་སྐུ་ཚབ་དེ་མི་བཟང་སྤྱོད་མེད་པའམ་ཀུན་སྤྱོད་མེད་མཁན་ཞིག་ཡིན་པ་འགྲེལ་བརྗོད་བྱས་རྗེས། ཉིན་ཤས་རྗེས་སུ་མི་དེ་རྒྱ་ནག་གཞུང་གིས་ཕྱིར་འབུད་བཏང་ཡོད་པ་བརྗོད་འདུག
བདུན་ཕྲག་སྔོན་མ་གཟའ་ལྷག་པའི་ཉིན་ཨ་རིའི་ནོར་སྲིད་དྲུང་ཆེ་ཁོང་གིས་བརྗོད་ཡོད་པ་ཞིག་ལ། གོང་གསལ་རྒྱ་ནག་གི་སྐུ་ཚབ་མི་དེས་དེ་སྔོན་ཕྱི་ཟླ་༨ ནང་ཨ་རྒྱ་གཉིས་ཀྱི་ཚོང་དོན་མི་སྣ་བར་གྲོས་མོལ་སྐབས་སུ་ཨ་རི་ལ་ཉེན་བརྡ་བཏང་ཡོད་པ་དང་། གལ་སྲིད་ཨ་རིའི་ངོས་ནས་རྒྱ་ནག་གི་དངོས་ཟོག་དབོར་འདྲེན་བྱེད་མཁན་གྲུ་གཟིངས་ཨ་རིའི་གྲུ་གཟིངས་འབབ་ཚུགས་སུ་འབབ་དུས། ཁྲལ་ལམ་དངུལ་མང་དུ་བླངས་ཚེ་རྒྱལ་སྤྱིའི་ཚོང་གི་ལམ་ལུགས་ཁྲོད་རྒྱ་ནག་གིས་ངོས་ནས་རྩོད་རྙོག་ཆེན་པོ་བཟོ་རྒྱུ་ཡིན་པའི་ཉེན་བརྡ་བཏང་ཡོད་འདུག་པར་བརྟེན། ཨ་རི་ངོས་ནས་མི་དེ་ལ་སྐྱོན་བརྗོད་བྱས་ཡོད་འདུག (Li Chenggang)ཅེས་མི་དེ་རྒྱལ་སྤྱིའི་ཚོང་དོན་ལྷན་ཚོགས་ནང་རྒྱ་ནག་གི་སྐུ་ཚབ་དང་། རྒྱ་ནག་གི་ཚོང་དོན་ལྷན་ཁང་གི་བློན་ཆེན་གཞོན་པ་ཡིན་འདུག ཁ་སང་རྒྱ་ནག་གཞུང་གིས་རྒྱལ་སྤྱིའི་ནང་ཡོད་པའི་གཞུང་ཚབ་ཁང་ཁག་གི་གཞུང་ཚབ་པ་གསར་པ་རྣམས་ཀྱི་མིང་ཐོ་བཏོན་ཡོད་འདུག་པ་དང་། གོང་གསལ་མི་དེ་མིང་ཐོ་ནས་ཕྱིར་འབུད་བཏང་ཡོད་འདུག འོན་ཀྱང་། འདས་པའི་ཨ་རྒྱ་གཉིས་བར་ཚོང་འབྲེལ་ཁྲོད་རྩོད་རྙོག་དུ་མ་བྱུང་བའི་སྐབས་སུ་ཨ་རི་དང་ལྷན་དུ་གྲོས་མོལ་ཐེངས་བཞི་ཙམ་བྱས་ནས་གྲུབ་འབྲས་ཆེན་པོ་ཐོན་ཡོད་ཅེས་བརྗོད་འདུག་ཅིང་། མི་དེ་ད་ལྟ་རང་ལོ་༥༨ ཡིན་པ་དང་། རྒྱ་ནག་དང་འཇར་མན་གྱི་མཐོ་སློབ་ནས་སློབ་མཐར་ཕྱིན་རྗེས་རྒྱ་ནག་གི་ཚོང་དོན་ལྷན་ཁང་ནང་ལས་ཀ་ཡུན་རིང་པོ་བྱས་མྱོང་ཡོད་འདུག
འདི་ལོ་ཕྱི་ཟླ་༤ ནང་རྒྱ་ནག་གཞུང་གིས་མི་དེ་ཨ་རྒྱ་གཉིས་བར་གྱི་ཚོང་དོན་རྩོད་རྙོག་ཁྲོད་དུ་རྒྱ་ནག་གཞུང་གི་གྲོས་མོལ་བྱེད་མཁན་སྐུ་ཚབ་ཏུ་བསྐོ་བཞག་བྱས་ཡོད་འདུག་ཅིང་། འདི་ལོ་ཕྱི་ཟླ་༨ ནང་མ་བོས་མགྲོན་པོ་བྱས་ནས་ནས་ཨ་རི་ལ་གློ་བུར་དུ་ཡོང་སྟེ་ཨ་རྒྱ་གཉིས་ཀྱི་མཐོ་རིམ་མགོ་ཁྲིད་བར་གྲོས་མོལ་བྱེད་དགོས་པ་དང་། ཨ་རི་གཞུང་གིས་བྱ་སྤྱོད་མང་པོ་འགྲིགས་མེད་ཚུལ་སོགས་ཀྱི་གསར་ཁང་མང་པོ་ནས་སྐྱོན་བརྗོད་བྱས་པའི་དབང་གིས་ཨ་རིའི་ནོར་སྲིད་དྲུང་ཆེས་མི་འདི་ཀུན་སྤྱོད་མེད་མཁན་ཞིག་རེད་འདུག་ཅེས་བརྗོད་ཡོད་འདུག
བརྒྱུད་ལམ་ཁག་ནས་གནས་ཚུལ་སྤེལ་གསལ་ལྟར་ན། ཟླ་འདིའི་ཟླ་མཇུག་ལ་ཨ་རིའི་སྲིད་འཛིན་དང་རྒྱ་ནག་གི་སྲིད་འཛིན་གཉིས་ལྷོ་ཀོ་རི་ཡར་ཐུག་འཆར་ཡོད་འདུག་པར་བརྟེན། དེའི་ཆེད་དུ་ཚོང་དོན་གྲོས་མོལ་བྱེད་མཁན་རྩོད་རྙོག་མེད་མཁན་ནམ། ཡང་ན་གཞན་ཞིག་བསྐོ་རྒྱུའི་ཆེད་དུ་མི་དེ་ཕྱིར་འབུད་བཏང་ཡོད་ཚུལ་བརྗོད་འདུག ཉེ་ཆར་ཨ་རིའི་སྲིད་འཛིན་ཊོམ་གྱིས་ཨ་རྒྱ་གཉིས་བར་གང་མགྱོགས་ཚོང་དོན་རྩོད་རྙོག་དེ་སེལ་མ་ཐུབ་ཚེ་འདི་ལོ་ཕྱི་ཟླ་༡༡ ཚེས་༡ ཉིན་ནས་སྒོ་ཁྲལ་བརྒྱ་ཆ་༡༥༥ འགེལ་རྒྱུ་ཡིན་པའི་ཉེན་བརྡ་བཏང་ཡོད་འདུག།
གསར་འགོད་པ། བསོད་ནམས་ཕུན་ཚོགས།