རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་རྩོད་པ་ཁྲེན-ཀུང་ཁྲེང་ཨ་རིའི་མི་སེར་དུ་གྱུར་འདུག
ཕྱི་ལོ་ ༢༠༡༢ ལོར་ཨ་རིར་བྲོས་བྱོལ་དུ་ཡོང་བའི་རྒྱ་ནག་གི་ཁྲིམས་རྩོད་པ་ཁྲེན-ཀུང་ཁྲེང(Chen Guangcheng) དངོས་སུ་ཨ་རིའི་མི་སེར་དུ་གྱུར་ཡོད་འདུག
ཨ་རིའི་གསར་ཁང་ཞིག་གིས་བདུན་ཕྲག་གོང་མའི་ནང་མིག་ལོང་བ་ཡིན་པ་ཁྲིམས་རྩོད་པ་ཁོང་ལ་བཅར་འདྲི་ཞིག་བྱས་པའི་ནང་། ཁོང་གིས་“རང་དབང་ལྡན་པའི་ཨ་རིའི་རྒྱལ་ཁབ་ཀྱིས་ང་ཚོ་དགའ་བས་བསུས་པ་དེ་ཤིན་ཏུ་བཀའ་དྲིན་ཆེན་པོ་ཡིན་”ཞེས་བརྗོད་ཡོད་འདུག
ཁྲིམས་རྩོད་པ་ཁོང་ཕྱི་ཟླ་ ༦ པའི་ཚེས་ ༢༡ ཉིན་དངོས་སུ་ཨ་རིའི་མི་སེར་དུ་གྱུར་རྗེས། བདུན་ཕྲག་གོང་མར་ཁོང་དང་ཁོང་གི་ཁྲིམས་རྩོད་རུ་ཁག་མཉམ་འཛོམས་ཀྱིས་དམིགས་བསམ་གྱི་དུས་ཚོད་དེ་ལ་རོལ་འདུག་པ་དང་། ཁོང་གི་ཁྲིམས་རྩོད་པ་ཇོར་ཇི-བྷོ་རོ་ནོ་(George Bruno) ཡིས་“རྒྱ་ནག་གི་བཟང་བཙོན་ནས་ཨ་རིའི་མི་སེར་དུ་འགྱུར་བའི་འགྲུལ་བཞུད་དེ་ཤིན་ཏུ་རིང་པོ་རེད། དེ་ལ་ལོ་ ༡༥ འགོར་བ་རེད་”ཅེས་བརྗོད་འདུག
ཁྲིམས་རྩོད་པ་ཁོང་ ༢༠༡༢ ལོར་རྒྱ་ནག་ནས་ཨ་རིར་བྲོས་བྱོལ་དུ་མ་ཡོང་སྔོན་ལ། རྒྱ་ནག་ནང་དུ་ཞིང་པ་དང་། དབང་པོ་སྐྱོན་ཅན། དེ་བཞིན་བཙན་གྱིས་ཕྲུ་གུ་མངལ་ནས་འབྱིན་དུ་བཅུག་པའི་བུད་མེད་སོགས་ཉམ་ཐག་མི་སེར་ཚོའི་ཆེད་དུ་ལོ་མང་རིང་ཁྲིམས་རྩོད་བྱས་ཏེ། མི་མང་གི་ཐོབ་ཐང་དང་རང་དབང་སྲུང་སྐྱོབ་ཀྱི་ལས་འགུལ་ཤུགས་ཆེར་སྤེལ་བར་བརྟེན། རྒྱ་ནག་གཞུང་གིས་ཁོང་ལོ་དྲུག་ལ་བཙོན་འཇུག་བྱེད་མྱོང་ཡོད་འདུག
ཁོང་གིས་ན་ནིང་སྤྱི་མཐུན་ཚོགས་པའི་རྒྱལ་ཡོངས་ཚོགས་ཆེན་(the Republican National Convention) སྟེང་གཏམ་བཤད་ཅིག་གནང་བའི་སྐབས། ཁོང་གིས་“རྒྱ་ནག་དམར་ཤོག་ཚོགས་པ་ནི་འགྲོ་བ་མིའི་རིགས་ཀྱི་དགྲ་བོ་ཞིག་རེད། དེས་སོ་སོའི་མི་མང་ལ་གདུག་རྩུབ་དྲག་པོས་འཇིགས་སྣང་སློང་བཞིན་པ་མ་ཟད། འཛམ་གླིང་ཁྱོན་གྱི་བདེ་སྡུག་ལའང་གནོད་འཚེ་གཏོང་བཞིན་ཡོད་”ཅེས་བཤད་རྗེས། “རྒྱ་ནག་དམར་ཤོག་ཚོགས་པའི་རྩུབ་སྤྱོད་བཀག་འགོག་བྱེད་པའི་ཆེད། ཨ་རིས་ངེས་པར་དུ་སོ་སོའི་རང་དབང་དང་། མང་གཙོ། སྒྲིག་ཁྲིམས་བཅས་ཀྱི་རིན་ཐང་བེད་སྤྱོད་བྱས་ཏེ་མང་གཙོའི་རྒྱལ་ཁབ་གཞན་རྣམས་དང་ཆིག་སྒྲིལ་བྱེད་དགོས་”ཞེས་ཊོམ་སྲིད་གཞུང་དང་འཛམ་གླིང་གི་མང་གཙོའི་སྲིད་གཞུང་གཞན་རྣམས་ལ་འབོད་སྐུལ་ཞུས་ཡོད། །
གསར་འགོད་པ་དཀོན་མཆོག་རབ་བརྟན།