རྒྱ་ནག་གི་ལུས་རྩལ་ཁང་ཞིག་གི་ཐོག་བརྡིབས་ཏེ་དྲྭ་སྤོལ་སྦྱོང་བརྡར་བ་བུ་མོ་༡༡ གྲོངས་འདུག
ཟླ་འདིའི་ཚེས་༢༤ ཉིན་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ་ལྟར་ན། རྒྱ་ནག་གི་ཧེ་ལུང་ཅང་(Heilongjiang) ཞིང་ཆེན་ནང་སློབ་འབྲིང་ཨང་༣༤ ཡི་ལུས་རྩལ་ཁང་གི་ཐོག་གློ་བུར་དུ་བརྡིབས་ཏེ་དྲྭ་སྤོལ་(Volleyball) ་སྦྱོང་བརྡར་བྱེད་བཞིན་པའི་བུ་མོ་བཅུ་གཅིག་གི་ཚེ་སྲོག་ཤོར་ཡོད་པའི་གནས་ཚུལ་ཐོན་འདུག

ཟླ་འདིའི་ཚེས་༢༣ ཉིན་གྱི་ཕྱི་དྲོ་རྒྱ་ནག་གི་ཧེ་ལུང་ཅང་ཞིང་ཆེན་གྱི་ཆིས་ཆིས་ཧྭ་(Qiqihar) ཞེས་པའི་གྲོང་ཁྱེར་གྱི་སློབ་འབྲིང་ཨང་༣༤ ཡི་ལུས་རྩལ་ཁང་གི་ཐོག་གློ་བུར་དུ་བརྡིབས་ཡོད་པ་དང་། སྐབས་དེར་ལུས་རྩལ་ཁང་དུ་སྦྱོང་ཁྲིད་པ་(Coach) གཉིས་དང་རྩེད་མོ་བ་༡༧ བཅས་ཁྱོན་བསྡོམས་མི་གྲངས་༡༩ ་ཡོད་པའི་ཁྲོད་དྲྭ་སྤོལ་སྦྱོང་བརྡར་བྱེད་བཞིན་པའི་བུ་མོ་༡༡ ཡི་ཚེ་སྲོག་ཤོར་ཡོད་འདུག
བུ་མོ་རྣམས་ལོ་རིམ་འདྲ་མིན་ནས་བསྡུ་རུབ་བྱས་ཡོད་པ་དང་གྲོང་ཁྱེར་གྱི་ཕྱི་ལོགས་སུ་འགྲན་བསྡུར་ལ་ཕྱིན་ནས་ཉི་མ་ཁ་ཤས་ལས་ཕྱིན་མེད་པ་རེད་འདུག
སྤྱི་ཚོགས་དྲྭ་ལམ་ཁག་ཏུ་བརྙན་ཐུང་ཞིག་རྒྱ་ཁྱབ་ཏུ་འགྲོ་བཞིན་པའི་གནས་ཚུལ་ལྟར་ན། རྒྱ་གཞུང་གིས་ཉེན་རྟོག་པ་འགྲེམས་འཇོག་གིས་ཕ་མ་ཚོར་ལྟ་སྲུང་བྱས་ཏེ། ཕྲུ་གུ་ཚོའི་གནས་སྟངས་ཇི་ཡིན་རྒྱུས་ལོན་བྱེད་བཅུག་མེད་པ་མ་ཟད། ཕྲུ་གུ་ཚོ་སྨན་ཁང་ལ་འཁྱེར་དུས། ངོ་གདོང་ཡོད་ཚད་ཁྲག་དང་འདམ་གྱིས་ཁེངས་ཡོད་པས་ཁྱིམ་བདག་ཚོས་སོ་སོའི་ཕྲུ་གུ་ངོ་རྟགས་ཆོད་པའི་དཀའ་ངལ་འཕྲད་ཡོད་འདུག ཁྱིམ་བདག་ཕ་རྒན་ཞིག་གིས་ཁོང་ཁྲོ་ཆེན་པོས་བརྗོད་གསལ་ལྟར་ན། རྒྱ་གཞུང་གིས་ཁོང་གི་བུ་མོ་གྲོངས་འདུག་ཅེས་བརྗོད་ཡོད་པ་ལས་དངོས་སུ་ལྟ་བར་བཏང་མེད་པ་རེད་འདུག

རྒྱ་གཞུང་གིས་གནས་ཚུལ་དེ་ལྷག་དོན་ནི། སློབ་གྲྭའི་ཉེ་འཁྲིས་སུ་ཁང་པ་བཟོ་བྱེད་ཀྱི་བྱེ་འདམ་དང་ཅ་དངོས་མང་པོ་ཁྲིམས་འགལ་གྱིས་ལུས་རྩལ་ཁང་གི་ཐོག་ཏུ་བཞག་ཡོད་པ་དང་། ཆར་བ་བབས་རྗེས་བྱེ་འདམ་ནང་ཆུ་འཛུལ་ཏེ་ལྗིད་ཚད་ཆེ་རུ་ཕྱིན་པར་བརྟེན། ཁང་པའི་ཐོག་བརྡིབས་པ་རེད་ཅེས་བརྗོད་འདུག
ལོ་འདིའི་ཕྱི་ཟླ་༤ པའི་ནང་རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་སྨན་ཁང་ཞིག་ལ་མེ་ཤོར་ནས་མི་གྲངས་༢༩ འདས་གྲོངས་སུ་ཕྱིན་ཡོད་པ་དང་། ལོ་འདིའི་ཕྱི་ཟླ་༦ པའི་ནང་རྒྱ་ནག་ནང་ཟ་ཁང་ཞིག་ལ་སོལ་རླངས་གས་འཐོར་བྱུང་ནས་མི་གྲངས་༣༡ གི་ཚེ་སྲོག་ཤོར་ཡོད་པ་སོགས་རྒྱ་ནག་ནང་འཛུགས་བསྐྲུན་དང་འབྲེལ་བའི་གོད་ཆག་བྱུང་བ་ནི་རྒྱུན་ལྡན་ལྟ་བུ་འགྱུར་བཞིན་ཡོད་འདུག རྒྱ་གཞུང་གིས་གནས་ཚུལ་དེ་རིགས་ཀྱི་ཉེས་ཁག་ཡོངས་རྫོགས་བདེ་འཇགས་ལ་ལྷོད་གཡེང་ཤོར་བར་གཡོག་གི་ཡོད་འདུག།
གསར་འགོད་པ། བློ་བཟང་རྒྱ་མཚོ།