རྒྱ་ནག་གི་སྲིད་བློན་གྱིས་བོད་ནང་བསྐོར་བསྐྱོད་མ་ཟིན་བར་ཕྱིར་བསྒྲགས་བྱས་མེད་འདུག

བོད་ནང་དཔལ་འབྱོར་དང་འཛུགས་སྐྲུན་ཡར་རྒྱས་ཡོང་བ་དང་། རྒྱལ་ཁབ་ཀྱི་ཆིག་སྒྲིལ་སྲུང་སྐྱོབ་ཡོང་ཕྱིར། དམར་ཤོག་གི་ཐབས་ལམ་དང་སྲིད་ཇུས་ཀྱི་རྗེས་སུ་འབྲང་དགོས་སྐོར་རྒྱ་ནག་གི་སྲིད་བློན་ལི་ཁེ་ཆིང་གིས་བརྗོད་འདུག

ཟླ་༧ པའི་ཕྱི་ཚེས་༢༩ ཉིན་རྒྱ་དཀར་ནག་གཉིས་ཀྱི་གསར་ལམ་ཁག་ཅིག་ཏུ་གནས་ཚུལ་སྤེལ་བ་ལྟར་ན། ཉེ་ཆར་ཕྱི་ཟླ་༧ པའི་ཕྱི་ཚེས་༢༥ ནས་༢༧ བར་ཉིན་གསུམ་རིང་རྒྱ་ནག་གི་སྲིད་བློན་ལི་ཁེ་ཆིང་གིས་བོད་ནང་བསྐོར་བསྐྱོད་བྱས་ཏེ། བོད་ཀྱི་རྒྱལ་ས་ལྷ་ས་དང་། ཉིང་ཁྲི་གྲོང་ཁྱེར། ཡར་ཀླུང་གཙང་པོའི་འདབས་བཅས་སུ་སོང་ཡོད་འདུག་ཀྱང་། བསྐོར་བསྐྱོད་གྲུབ་ནས་ཉིན་གཉིས་སོང་རྗེས་གཞི་ནས་རྒྱ་ནག་གཞུང་འབྲེལ་གྱི་གསར་ཁང་ཁག་གིས་དེའི་སྐོར་གྱི་གནས་ཚུལ་སྤེལ་ཡོད་འདུག་པ་ལས། བསྐོར་བསྐྱོད་ཀྱི་སྔོན་དང་བསྐོད་བསྐྱོད་བྱེད་བཞིན་པའི་སྐབས་སུ་གསང་བ་བྱས་ནས་ཕྱིར་བསྒྲགས་བྱས་མེད་འདུག

ལི་ཁེ་ཆིང་གིས་བོད་ནང་དཔལ་འབྱོར་དང་འཛུགས་སྐྲུན་ཡར་རྒྱས་ཡོང་བ་དང་། རྒྱལ་ཁབ་ཀྱི་ཆིག་སྒྲིལ་སྲུང་སྐྱོབ་ཡོང་བ་བཅས་ཀྱི་ཕྱིར་དུ། བོད་པ་རྣམས་དམར་ཤོག་གི་ཐབས་ལམ་དང་སྲིད་ཇུས་ཀྱི་རྗེས་སུ་འབྲང་རྒྱུ་དང་། གྲངས་ཉུང་མི་རིགས་ཚོའི་བར་ན་ཆིག་སྒྲིལ་གྱི་མདུད་པ་དམ་དུ་འགྲོ་རྒྱུའི་རེ་བ་ཡོད་སྐོར་བརྗོད་ཡོད་འདུག་པ་མ་ཟད། བོད་ཀྱི་སྤྱི་ཚོགས་དང་དཔལ་འབྱོར། འཛུགས་སྐྲུན་བཅས་གོང་འཕེལ་གཏོང་བའི་ཐོག་ཞི་བདེ་དང་བརྟན་ལྷིང་རྒྱུན་འཁྱོངས་བྱེད་དགོས་སྐོར་བརྗོད་ཡོད་འདུག

དེ་བཞིན་ལི་ཁེ་ཆིང་ཕོ་བྲང་པོ་ཏ་ལར་བསྐོད་བསྐྱོད་འགྲོ་སྐབས། རྒྱལ་ཁབ་ཀྱི་ངོས་ནས་རྩ་ཆེའི་སྲོལ་རྒྱུན་གྱི་རིག་དངོས་རྣམས་སྲུང་སྐྱོབ་དང་གོང་འཕེལ་གཏོང་གི་ཡིན་ཞེས་བརྗོད་ཡོད་འདུག་པ་མ་ཟད། བོད་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་དུ་སོང་ནས་རྒྱལ་ཁབ་ཀྱིས་བོད་ནང་གི་སྨན་ཁང་དང་སྲོལ་རྒྱུན་བོད་ཀྱི་སྨན་སློབ་ལ་མཐུན་འགྱུར་བསྐྲུན་ནས་མ་འོངས་པར་ས་གནས་མང་ཚོགས་ཀྱི་དགོས་མཁོ་སྒྲུབ་ཐུབ་ཐབས་བྱ་རྒྱ་ཡིན་སྐོར་བརྗོད་ཡོད་འདུག

གཞན་ཡང་ལི་ཁེ་ཆིང་ལྷ་ལྡན་བོད་ཀྱི་གཙུག་ལག་ཁང་དུ་འགྲོ་སྐབས། བོད་ནི་གནའ་དུས་ནས་ཁ་བྲལ་ཐབས་མེད་པའི་རྒྱ་ནག་གི་ཆ་ཤས་ཤིག་རེད་ཅེས་དང་། ཆོས་ལུགས་ཀྱི་བྱེད་སྒོ་ལ་བརྟེན་ནས་མུ་མཐུད་རྒྱལ་ཁབ་ཀྱི་ཆིག་སྒྲིལ་ཐོག་གཞོག་འདེགས་ཡོང་བ་དང་། མི་རིགས་མཐུན་སྒྲིལ་དང་སྤྱི་ཚོགས་བདེ་འཇགས་ཡོང་རྒྱུའི་རེ་བ་བྱེད་ཀྱི་ཡོད་སྐོར་བརྗོད་ཡོད་འདུག འོན་ཀྱང་། འདི་ལོའི་བོད་ལོ་གསར་ཚེས་སྐབས་ལྷ་ལྡན་གཙུག་ལག་ཁང་ལ་མེ་སྐྱོན་ཤོར་བ་ལ་བརྟེན་ནས་དེ་གར་ཡོད་པའི་བོད་ཀྱི་གནའ་རྫས་དང་རིག་དངོས་རྣམས་ལ་གནོད་སྐྱོན་ག་རེ་བྱུང་ཡོད་མེད་ཀྱི་གནས་ཚུལ་ཐད་རྒྱ་ནག་གཞུང་གིས་དེ་སྔོན་ནས་བཀག་སྡོམ་གྱིས་གནས་ཚུལ་ཕྱིར་བསྒྲགས་བྱས་མེད་པ་བཞིན། ད་ཐེངས་ལི་ཁེ་ཆིང་དངོས་སུ་ལྷ་ལྡན་གཙུག་ལག་དང་། ཕོ་བྲང་པོ་ཏར་ཡོང་སྐབས་ཀྱང་རིག་དངོས་སྲུང་སྐྱོབ་བྱ་རྒྱུ་ཡིན་སྐོར་བརྗོད་པ་ཙམ་ལས། མེ་སྐྱོན་ཤོར་བའི་སྐོར་ལ་གང་ཡང་བརྗོད་མེད་འདུག །

གསར་འགོད་པ་བཀྲ་ཤིས་དོན་གྲུབ།