རྒྱ་ནག་གིས་༧གོང་ས་མཆོག་བོད་བརྒྱུད་ནང་བསྟན་སྤྲུལ་སྐུའི་གྲངས་ཐོའི་ནང་བཞག་མེད་པ།
ཟླ་འདིའི་ཚེས་༡༨ ཉིན་པེ་ཅིང་བཀྭང་ཅིས་དགོན་པར། ཀྲུང་གོའི་བོད་བརྒྱུད་ནང་བསྟན་སྤྲུལ་སྐུ་འཚོལ་ཞིབ་མ་ལག་ཤར་གཏོང་གི་མཛད་སྒོ་ཞེས་པ་ཞིག་འཚོགས་སྟེ། རྒྱ་ནག་གིས་ངོས་ལེན་ཡོད་པའི་སྤྲུལ་སྐུ་༨༧༠ ཡི་གྲངས་ཐོ་བཏོན་ནང་༧གོང་ས་མཆོག་གི་མཚན་བཀོད་མེད་པ་དང་། དེ་བཞིན་བཙན་བྱོལ་ནང་དུ་ཡོད་པའི་བོད་ཀྱི་བླ་ཆེན་ཁག་གི་མཚན་ཡོད་མེད་གནས་ཚུལ་གསལ་པོ་མི་འདུག
འཚོལ་བཤེར་མ་ལག་ནང་དུ་སྤྲུལ་སྐུའི་མིང་དང་ཆོས་མིང་། ཐོ་ཁུངས། སྐྱེས་ལོ། ཆོས་བརྒྱུད་གང་གི་ཁོངས་གཏོགས། སྤྲུལ་སྐུའི་དཔང་ཡིག་གི་དཔང་འཛིན་ཨང་གྲངས། སྤྲུལ་སྐུའི་དགོན་པ་དང་འདྲ་པར་སོགས་བསྡོམས་རིགས་སྣ་ ༨ ཙམ་གྱི་སྟེང་ནས་སྤྲུལ་སྐུ་སོ་སོའི་གཞི་རྩའི་གནས་ཚུལ་ཁག་གསལ་འདོན་བྱས་ཡོད་སྐོར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན་འདུག
ཀྲུང་གོའི་ནང་བསྟན་མཐུན་ཚོགས་ཞེས་པའི་ཚོགས་གཙོ་གཞོན་པ་སྒྲུབ་ཁང་སྐུ་ཕྲེང་བདུན་པ་ཐུབ་བསྟན་མཁས་གྲུབ་ཀྱིས་ཉེ་བའི་ལོ་འགའི་རིང་ལ། བོད་ཁམས་དང་རྒྱལ་ནང་དུ་སྤྲུལ་སྐུ་བརྫུས་མ་འགའ་ཤས་ཀྱིས། དད་ལྡན་མང་ཚོགས་མགོ་བསྐོར་ནས་རྒྱུ་དངོས་སོགས་བཅོམ་འཕྲོག་བྱས་པ་ཐེངས་མང་པོ་བྱུང་ཡོད་པ་དང། རླབས་ཆེ་བའི་བོད་བརྒྱུད་ནང་བསྟན་གྱི་མཚན་སྙན་དང་། བོད་བརྒྱུད་ནང་བསྟན་གྱི་བླ་སྤྲུལ་མང་པོ་ཞིག་གི་མཚན་སྙན་ལ་གནོད་སྐྱོན་བཟོས་ཡོད་པས། ད་ནི་ཀྲུང་གོའི་བོད་བརྒྱུད་ནང་བསྟན་གྱི་སྤྲུལ་སྐུ་འཚོལ་བཤེར་མ་ལག་འདི་ཡོད་སྟབས་སྤྲུལ་སྐུ་དངོས་གནས་ཡིན་མིན་འཚོལ་བཤེར་བྱས་ན་མྱུར་མོར་ཤེས་ཡོང་སྲིད་པ། ཁོང་རང་ཉིད་བོད་བརྒྱུད་ནང་བསྟན་གྱི་སྤྲུལ་སྐུ་ཞིག་ཡིན་པའི་ཆ་ནས། ཀྲུང་གོའི་བོད་བརྒྱུད་ནང་བསྟན་གྱི་སྤྲུལ་སྐུ་འཚོལ་བཤེར་མ་ལག་འདི་དངོས་སུ་ཤར་གཏོང་བྱ་ཐུབ་པར་དགའ་སྤྲོ་ཆེན་པོ་སྐྱེ་བཞིན་ཡོད་སྐོར་དབུ་འབྱེད་ཀྱི་མཛད་སྒོར་གཏམ་བཤད་བྱས་འདུག
བོད་རང་བཙན་སློབ་ཕྲུག་ཚོགས་པའི་ཨེ་ཤེ་ཡའི་འགན་འཛིན་རྡོ་རྗེ་ཚེ་བརྟན་གྱིས་ངོ་དེབ་སྟེང་དུ། བོད་བརྒྱུད་ནང་བསྟན་གྱི་སྤྲུལ་སྐུའི་གྲངས་ཐོའི་ནང་༧གོང་ས་མཆོག་གི་མཚན་མེད་པ་ནི་བསམ་ཡུལ་ལས་འདས་པ་ཞིག་རེད། རྒྱ་ནག་དམར་ཤོག་ཚོགས་པས་དུས་རྟག་ཏུ། བོད་བརྒྱུད་ནང་བསྟན་དེ་དམར་ཤོག་ཚོགས་པར་ཉེན་ཁ་ཡོད་པ་ངོས་འཛིན་བྱེད་ཀྱི་ཡོད་པ་དང། ཐེངས་འདིའི་སྤྲུལ་སྐུ་དངོས་ཀྱི་གྲངས་ཐོ་ཞེས་པ་ནི་སྤྲུལ་སྐུ་རྫུན་མའི་གནད་དོན་གསལ་ཆེད་ཡིན་སྐོར་ནི་ཁ་གཡར་ས་ཙམ་ཡིན་པ་ལས། དེའི་དམིགས་ཡུལ་ངོ་མ་ནི་བོད་བརྒྱུད་ནང་བསྟན་ལ་ཐེ་འཇུས་དང་སྟངས་འཛིན་བྱས་ཏེ། མ་འོངས་པར་རྒྱ་ནག་ལ་དགའ་བའི་ཏཱ་ལའི་བླ་མའི་ཡང་སྲིད་རང་ངོས་ཀྱི་ངོས་འཛིན་བྱེད་འཆར་ཡོད་པ་དེ་རེད། གནད་དོན་དེ་ནི་ང་ཚོའི་ཆོས་ལུགས་རང་དབང་ལ་བརྩི་མེད་ཤུགས་ཆེན་བྱས་པ་ཡིན་པས། བོད་ཕྱི་ནང་གཉིས་ཀྱི་བོད་མི་ཚོས་ནམ་ཡང་ངོས་ལེན་བྱེད་ཀྱི་མ་རེད་ཅེས་བྲེིས་འདུག
ད་ལྟ་བར་དུ་དབུས་བོད་མིའི་སྒྲིག་འཛུགས་དང་བཙན་བྱོལ་དུ་ཡོད་པའི་བླ་ཆེན་ཁག་གི་བླ་བྲང་ཁག་གིས་གནད་དོན་དེའི་སྐོར་བསམ་ཚུལ་བཤད་པ་བརྒྱུད་ལམ་ཁག་ཏུ་གང་ཡང་སླེབས་མེད་པ་རེད།།
གསར་འགོད་པ་སྐལ་བཟང་དོན་གྲུབ།