རྒྱ་ནག་གིས་ཐའེ་ཝན་གྱི་མཁའ་དབྱིངས་སུ་རྡུལ་མཚོན་ཁུར་བའི་ནུས་པ་ལྡན་པའི་གནམ་གྲུ་བཏང་འདུག 

ཆབ་སྲིད་དཔྱད་བརྗོད་པ་ཚོས་རྒྱ་ནག་གིས་ཐའེ་ཝན་ལ་འཇིགས་སྐུལ་བྱེད་ཤུགས་ཆེ་རུ་གཏོང་བཞིན་པ་དེ་ནི། ཨ་རིའི་སྲིད་གཞུང་གསར་པར་ཉམས་ཚོད་ལེན་ཆེད་ཡིན་པའི་འགྲེལ་བརྗོད་བྱས་འདུག 

ཕྱི་ཟླ་༡ ཚེས་༢༥ ཉིན་བརྒྱུད་ལམ་ཁག་ནས་གནས་ཚུལ་སྤེལ་གསལ་ལྟར་ན། རྒྱ་ནག་གིས་འདས་པའི་ཉིན་གཉིས་རིང་ལ་དམག་གི་གནམ་གྲུ་༢༧ ཐའེ་ཝན་གྱི་མཁའ་དབྱིབས་སུ་བཏང་ནས་ཐའེ་ཝན་ལ་དྲག་པོའི་བཙན་འཛུལ་བྱེད་ཀྱི་ཡིན་པའི་འཇིགས་སྐུལ་སྔར་བས་ཀྱང་ཤུགས་ཆེ་བ་བྱས་པར་བརྟེན། ཨ་རིས་རྒྱ་ནག་ལ་ཉེན་བརྡ་བཏང་འདུག 

རྒྱལ་སྤྱིའི་ཆབ་སྲིད་དཔྱད་བརྗོད་པ་ཚོས། ཨ་རིའི་སྲིད་གཞུང་གསར་པ་འགོ་ཚུགས་ནས་ཉིན་ཤས་ལས་མ་ཕྱིན་གོང་དུ་རྒྱ་ནག་གིས་ཐའེ་ཝན་ཐོག་ཏུ་འཇིགས་སྐུལ་དང་དམག་ཤེད་ངོམ་ཤུགས་ཆེ་རུ་གཏོང་བཞིན་པ་དེ་ནི། བྷའེ་ཌན་སྲིད་གཞུང་གིས་ཐའེ་ཝན་ལ་རྒྱབ་སྐྱོར་ཇི་ཙམ་བྱེད་མིན་གྱི་ཉམས་ཚོད་བལྟ་བའི་ཆེད་དུ་ཡིན་པའི་འགྲེལ་བརྗོད་བྱས་འདུག 

བྷའེ་ཌན་སྲིད་གཞུང་གི་ཐའེ་ཝན་དང་འབྲེལ་བའི་གཞུང་འབྲེལ་གཏམ་བཤད་ཐོག་མའི་ནང་། ཨ་རིས་ཐའེ་ཝན་གྱི་རང་སྲུང་ལ་མུ་མཐུད་“བྲག་ལྟར་གཡོ་བ་མེད་པར་”རྒྱབ་སྐྱོར་བྱེད་རྒྱུ་ཡིན་སྐོར་བརྗོད་འདུག་པར། རྒྱ་ནག་གཞུང་གིས་ད་བར་ལན་འདེབས་བྱས་མི་འདུག 

སྤྱི་ཡོངས་ནས་བཤད་ན། ཉེ་བའི་ཟླ་ཤས་རིང་ལ་རྒྱ་ནག་གིས་ཐའེ་ཝན་གྱི་མཚོ་དང་མཁའ་དབྱིངས་སུ་དམག་གྲུ་ཡང་ཡང་བཏང་ནས་ཐའེ་ཝན་ལ་དམག་ཤུགས་ངོམ་པ་དང་། འཇིགས་སྐུལ་སློང་བ་སོགས་བྱས་ཡོད་ན་ཡང་། རྒྱུན་པར་གནམ་གྲུ་གསུམ་ཙམ་ལས་འདས་པའི་ཉིན་གཉིས་ཀྱི་ནང་དུ་བྱུང་བ་ལྟར་གྲངས་ཀ་དེ་འདྲའི་འབོར་ཆེན་ཞིག་གཏོང་མྱོང་མི་འདུག 

ཐའེ་ཝན་རྒྱལ་སྲུང་ལས་ཁུངས་ནས་འགྲེལ་བརྗོད་བྱས་པ་ལྟར་ན། རེས་གཟའ་སྤེན་པའི་ཉིན་རྡུལ་ཕྲན་འབར་རྫས་ཁུར་བའི་ནུས་པ་ལྡན་པའི་གནམ་གྲུ་བརྒྱད་འདུས་པའི་ཁྱོན་བསྡོམས་གནམ་གྲུ་༡༣ ཐའེ་ཝན་གྱི་མཁའ་དབྱིངས་སུ་འཛུལ་བ་མ་ཟད། རེས་གཟའ་ཉི་མའི་ཉིན་ལའང་ཁྱོན་བསྡོམས་གནམ་གྲུ་༡༥ ཡིས་བཙན་འཛུལ་བྱས་པར། ཐའེ་ཝན་གྱིས་མཁའ་དབྱིངས་རང་སྲུང་མ་ལག་(air defence missile systems) བཀོལ་ནས་དེ་དག་ལ་ལྟ་སྲུང་དང་ཉེན་བརྡ་སྤྲད་ཡོད་འདུག 

ཨ་རིའི་སྲིད་གཞུང་གོང་མ་སྟེ། ཊོམ་སྲིད་གཞུང་གིས་རྒྱ་ནག་གི་ངོ་རྒོལ་ཤུགས་ཆེན་ཡོད་མིན་ལ་མ་ལྟོས་པར་ཐའེ་ཝན་ལ་རང་སྲུང་གོ་མཚོན་འབོར་ཆེན་འཚོང་བ་དང་། མཐོ་རིམ་འགོ་ཁྲིད་ཐའེ་ཝན་ལ་གཞུང་འབྲེལ་འཚམས་གཟིགས་སུ་གཏོང་བ་སོགས་བྱས་ནས་ཐའེ་ཝན་དང་འབྲེལ་བ་ཟབ་ཏུ་བཏང་ཡོད་པ་མ་ཟད། ཕྱི་སྲིད་དྲུང་ཆེ་མཱ་ཁི-ཕམ་ཕོའོ་(Mike Pompeo) ཡི་ལས་ཡུན་རྫོགས་པར་ཉིན་ཤས་ལས་མེད་པའི་སྐབས། ཁོང་གིས་ཨ་རི་དང་ཐའེ་ཝན་གྱི་གཞུང་འབྲེལ་མི་སྣའི་བར་གྱི་འབྲེལ་ལམ་འཛིན་ཕྱོགས་སྐོར་གྱི་བཀག་རྒྱ་རྣམས་མེད་པ་བཟོས་ཡོད། 

སྲིད་གཞུང་གསར་པས་རྒྱ་ནག་དང་ཐའེ་ཝན་གྱི་ཐོག་ཏུ་སྲིད་བྱུས་ཅི་འདྲ་ཞིག་འཛིན་རྒྱུ་ཡིན་པ་དེ་ད་དུང་ཡང་གསལ་པོ་ཞིག་མེད་ན་ཡང་། གཟའ་མཇུག་གི་འཇིགས་སྐུལ་དེའི་ལན་དུ། ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པ་ནཱ་ཌི-ཕི་ར་སི་(Ned Price) ཡིས་ཨ་རིས་མུ་མཐུད་ཐའེ་ཝན་དང་འབྲེལ་ལམ་ཟབ་ཏུ་གཏོང་རྒྱུ་ཡིན་སྐོར་བཤད་པའི་ཐོག། པེ་ཅིང་སྲིད་གཞུང་ལ་ཐའེ་ཝན་གྱི་ཐོག་ཏུ་“དམག་དང་། ཆབ་སྲིད། དཔལ་འབྱོར་བཅས་ཀྱི་གནོན་ཤུགས་”སྤྲོད་མཚམས་བཞག་སྟེ་མང་གཙོའི་ལམ་ནས་འདེམས་ཐོན་བྱས་པའི་འགོ་ཁྲིད་དང་ལྷན་དོན་སྙིང་ལྡན་པའི་གྲོས་མོལ་བྱེད་དགོས་པའི་སྐུལ་མ་བཏང་འདུག ། 

གསར་འགོད་པ་དཀོན་མཆོག་རབ་བརྟན།