རྒྱ་ནག་གིས་ཐའེ་ཝན་གྱི་སྲིད་འཛིན་ཝེ་ནེ་ཛུ་ལའི་སྲིད་འཛིན་ལྟར་བཙན་ཁྲིད་བྱེད་སྲིད་དམ།

ཉེ་ཆར་ཨ་རིའི་གཞུང་གིས་ཝེ་ནེ་ཛུ་ལའི་སྲིད་འཛིན་འཛིན་བཟུང་དང་བཙན་ཁྲིད་བྱས་ཟིན་པ་དང་། བྱ་སྤྱོད་དེ་ལ་བརྟེན་ནས་ཨུ་རུ་སུས་ཡུག་རེན་གྱི་སྲིད་འཛིན་ལ་དེ་ལྟར་བཙན་ཁྲིད་བྱེད་སྲིད་དམ། ཡང་རྒྱ་ནག་གིས་ཐའེ་ཝན་གྱི་སྲིད་འཛིན་བཙན་ཁྲིད་བྱེད་སྲིད་པ་རེད་དམ་ཞེས་དྲི་བ་མང་པོ་ཞིག་ཡོང་བཞིན་ཡོད་འདུག་ལ། ཐའེ་ཝན་གྱི་ཕྱི་སྲིད་ལྷན་ཁང་ངོས་ནས་རྒྱ་ནག་གི་བྱ་སྤྱོད་ལ་ལྟ་ཞིབ་ནན་ཏན་བྱེད་བཞིན་ཡོད་འདུག

པར། Taipei Times

ཕྱི་ལོ་༢༠༢༦ ཟླ་བ་༡ ཚེས་༥ ཉིན་(Taipei Times)གནས་ཚུལ་སྤེལ་དོན་ལ། བདུན་ཕྲག་སྔོན་མ་གཟའ་སྤེན་པའི་ཉིན་ཨ་རིའི་སྲིད་འཛིན་གྱི་བཀའ་རྒྱའི་འོག་ཝེ་ནེ་ཛུ་ལའི་སྲིད་འཛིན་(Nicolas Maduro)དང་བཟའ་ཟླ་གཉིས་འཛིན་བཟུང་དང་བཙན་ཁྲིད་བྱས་ཡོད། ཁོང་བཙན་ཁྲིད་བྱེད་དགོས་དོན་ནི་ཨ་རིའི་ནང་སྨྱོ་རྫས་རིགས་ཚོང་འབྲེལ་བྱེད་ཀྱི་ཡོད་སྐོར་དང་། ཨ་རིའི་ནང་འཇིགས་སྐུལ་རིང་ལུགས་པའི་བྱ་སྤྱོད་དང་འབྲེལ་བ་ཡོད་ལུགས་སོགས་ཀྱི་འགྲེལ་བརྗོད་བྱེད་ཀྱི་ཡོད། རྒྱུ་མཚན་དེ་དག་ལ་བརྟེན་ནས་ཨ་རིའི་གཞུང་གིས་བཙན་ཁྲིད་བྱས་པ་ཡིན་ཚུལ་བརྗོད་ཀྱི་ཡོད་ཀྱང་། དེ་ནི་རྒྱལ་སྤྱིའི་ཁྲིམས་དང་འགལ་གྱི་ཡོད་ཅིང་། རྒྱལ་ཁབ་གཅིག་གིས་རྒྱལ་ཁབ་གཞན་ཞིག་གི་སྲིད་འཛིན་འཛིན་བཟུང་བྱས་པ་དང་། རྒྱལ་ཁབ་གཞན་གྱི་མངའ་ཁུལ་ནང་ཆོག་མཆན་མེད་པའི་ཐོག་ནས་བཙན་འཛུལ་བྱས་པ་ནི་རྒྱལ་སྤྱིའི་ཁྲིམས་དང་འགལ་གྱི་ཡོད་པ་ནི་ཡོངས་གྲགས་རེད།
འོན་ཀྱང་། ཨ་རིའི་ཁྲིམས་མེད་ལུགས་མེད་ཀྱི་བྱ་སྤྱོད་དེ་ལ་བརྟེན་ནས་ད་ཆར་རྒྱ་ནག་དང་ཨུ་རུ་སུ་གཉིས་ཀྱིས་ཨ་རིའི་བྱ་སྤྱོད་ལྟར། རྒྱ་ནག་གིས་ཐའེ་ཝན་གྱི་སྲིད་འཛིན་བཙན་ཁྲིད་བྱེད་སྲིད་མིན་དང་། ཨུ་རུ་སུས་ཡུག་རེན་གྱི་སྲིད་འཛིན་བཙན་ཁྲིད་བྱེད་སྲིད་མིན་ཐད་དོགས་པ་ཆེན་པོ་ཡོང་གི་ཡོད་འདུག ཐའེ་ཝན་གྱི་ཕྱི་སྲིད་ལྷན་ཁང་གིས་ད་ཆར་ཐའེ་ཝན་ངོས་ནས་ཝེ་ནེ་ཛུ་ལར་ཡོད་པའི་ཐའེ་ཝན་མི་སེར་ཚོའི་བདེ་འཇགས་ཐད་དོ་སྣང་ཆེན་པོ་བྱེད་ཀྱི་ཡོད་པའི་སྐོར་བརྗོད་འདུག
ཉེ་ཆར་ཨ་རིའི་གཞུང་གིས་ཝེ་ནེ་ཛུ་ལའི་སྲིད་འཛིན་བཙན་ཁྲིད་བྱས་དུས་རྒྱ་ནག་ནང་གི་སྤྱི་ཚོགས་དྲྭ་རྒྱ་ཐོག་ཏུ་གླེང་སློང་ཆེན་པོ་བྱས་པའི་གནད་དོན་ཞིག་ནི་རྒྱ་ནག་གིས་ཀྱང་ཨ་རིའི་བྱ་སྤྱོད་ལྟར་ཐའེ་ཝན་དང་རྒྱ་ནག་གཉིས་བར་གྱི་རྩོད་རྙོག་དེ་ལས་སླ་པོས་སེལ་ཐུབ་ཀྱི་ཡོད་ཚུལ་སྐོར་བཤད་མཁན་མང་པོ་ཡོད་འདུག་ལ། ཨ་རིའི་གཞུང་གིས་རྒྱལ་སྤྱིའི་ཁྲིམས་ལུགས་ལ་མ་བརྩི་ན་རྒྱ་ནག་གིས་ཀྱང་བརྩི་དགོས་དོན་ཡོད་མ་རེད་ཅེས་བརྗོད་མཁན་མང་པོ་ཡོད་འདུག
རྒྱ་ནག་ཕྱི་སྲིད་ལྷན་ཁང་གིས་ཝེ་ནེ་ཛུ་ལའི་སྲིད་འཛིན་(Maduro)དང་ཁོང་གི་བཟའ་ཟླ་གློད་གྲོལ་གཏོང་དགོས་པ་དང་། ཁོང་གཉིས་ཀྱི་བདེ་འཇགས་ལ་འགན་ལེན་བྱེད་དགོས་པའི་སྐུལ་མ་བྱས་ཡོད་འདུག་ལ། སྲིད་འཛིན་བཙན་འཛུལ་བྱས་པ་དེས་རྒྱལ་སྤྱིའི་ཁྲིམས་ལུགས་དང་། རྒྱལ་སྤྱིའི་འབྲེལ་ལམ་གྱི་གཞི་རྩའི་འགྲོ་ལུགས། དེ་བཞིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བཅའ་ཁྲིམས་ཀྱི་དམིགས་ཡུལ་དང་རྩ་འཛིན་བཅས་ལ་ཡོངས་སུ་འགལ་ཡོད་ཅེས་རྒྱ་ནག་གི་གསལ་བསྒྲགས་ནང་བཀོད་ཡོད་འདུག
ཆབ་སྲིད་དཔྱད་བརྗོད་པ་འགའ་ཤས་ཀྱིས་ད་ལྟ་སེམས་འཚབ་བྱེད་ས་གཙོ་བོ་ནི་ཨུ་རུ་སུས་ཨ་རིའི་བྱ་སྤྱོད་དེ་བེད་སྤྱོད་བཏང་ནས། ཡུག་རེན་ལ་ཁྲིམས་འགལ་དང་གདུག་རྩུབ་དྲག་པོའི་ཐོག་ནས་ལས་འགུལ་སྤེལ་སྲིད་པ་དང་། ཡང་ན་རྒྱ་ནག་གིས་རྒྱུ་མཚན་འདྲ་མིན་འདྲེན་ནས་ཐའེ་ཝན་ལ་བཙན་འཛུལ་བྱེད་སྲིད་པའི་སྐོར་བརྗོད་ཀྱི་ཡོད་འདུག
(The Asia Society Policy Institute)ཨེ་ཤི་ཡའི་སྤྱི་ཚོགས་སྲིད་བྱུས་ཞིབ་འཇུག་ཁང་གི་འབུམ་རམས་པ་ལེ་ལ་མོ་རིས། (Lyle Morris)ཀྱིས་བརྗོད་ན། གལ་སྲིད་ཨ་རིའི་བྱ་སྤྱོད་དེ་ལ་རྒྱལ་སྤྱིའི་ཐོག་ནས་ལན་འདེབས་ཤུགས་ཆུང་ཆུང་དྲགས་ན། ཞི་ཅིན་ཕིང་གིས་ཐའེ་ཝན་ཐོག་དྲག་པོའི་ལས་འགུལ་སྤེལ་རྒྱུར་བསམ་བློ་གཏོང་བའི་སྒོ་མོ་ཕྱེ་བ་རེད་ཅེས་བརྗོད་འདུག
ཨ་རིའི་དྲག་པོའི་ལས་འགུལ་དེས་པེ་ཅིང་ལ་ཐའེ་ཝན་ཐོག་དེ་མཚུངས་ཀྱི་བྱ་སྤྱོད་སྤེལ་རྒྱུར་སྐུལ་ལྕག་ཐེབས་སྲིད་མིན་ཐའེ་ཝན་ནང་ཡོད་པའི་(American Institute)ཨ་རིའི་ལྟེ་གནས་ཞེས་པའི་ལས་ཁུངས་(AIT)ཀྱི་ཚོགས་གཙོ་ཟུར་པ་(Richard Bush)དྲིས་པས། ཁོང་ནས་གནས་སྟངས་འདི་གཉིས་རྩ་བ་ནས་མི་འདྲ་བ་རེད་ཅེས་བརྗོད་འདུག
སེང་གྷ་པོར་ནང་ཡོད་པའི་རྒྱལ་སྤྱིའི་ཞིབ་འཇུག་སློབ་གླིང་གི་ཉམས་ཞིབ་པ་(Drew Thompson)ཡིས་ཨ་རིའི་ལས་འགུལ་དེ་འདྲའི་ནང་མཉམ་ཞུགས་བྱས་པ། ཨ་རིའི་དམག་དཔུང་ལ་དགྲ་ཡའི་ཁོར་ཡུག་ནང་ལས་ཀ་བྱེད་རྒྱུའི་ཉམས་མྱོང་ཕུན་སུམ་ཚོགས་པ་ཡོད་པ་རེད། རྒྱ་ནག་བཅིངས་འགྲོལ་དམག་ལ་དེ་འདྲའི་ཉམས་མྱོང་ཡོད་ཀྱི་མ་རེད་བསམ་གྱི་འདུག་ཅེས་བཤད་འདུག པེ་ཅིང་ལ་ཐའེ་ཝན་གྱི་དབུ་ཁྲིད་མེད་པ་བཟོ་རྒྱུའི་འདེམས་ཁ་གཞན་པ་ཡོད་པ་ཞིག་ཡོད་པ་རེད། རྒྱ་ནག་གིས་གསང་བའི་ལྐོག་གསོད་ལས་འགུལ་སྤེལ་ན་ལམ་ལྷོང་ཡོང་བའི་གོ་སྐབས་ཆེ་བ་ཡོད་ཅེས་བཤད་འདུག
ཐའེ་ཝན་གྱི་དམངས་གཙོ་ཡར་ཐོན་ཚོགས་པའི་གྲོས་ཚོགས་འཐུས་མི་(Wang Ting-yu)ཡིས་ཁ་སང་བརྗོད་དོན་ལ། ཐའེ་ཝན་གྱིས་རྒྱ་ནག་གིས་ཨ་རིར་དཔེ་བལྟས་ནས་དཀའ་ངལ་ཡོང་རྒྱུར་སེམས་འཚབ་བྱེད་དགོས་དོན་མེད། ཐའེ་ཝན་ནི་ཝེ་ནེ་ཛུ་ལ་དང་མི་འདྲ་བར། ཐའེ་ཝན་གྱི་ཆབ་སྲིད་དབུ་ཁྲིད་རྣམས་ནི་རང་དབང་དང་དྲང་བདེན་གྱི་མང་གཙོའི་འོས་འདེམས་ལས་བྱུང་བ་ཤ་སྟག་ཡིན་པ་ལས། བྲོས་བྱོལ་དུ་འགྲོ་བཞིན་པའི་རྒྱལ་སྤྱིའི་ཉེས་ཅན་པ་མ་རེད་ཅེས་བརྗོད་འདུག་ལ།
རྒྱ་ནག་གིས་ཐའེ་ཝན་ཐོག་ནམ་ཡང་སེམས་པ་ངན་པ་བཅངས་མ་མྱོང་བ་མེད་ནའང་། ཁོང་ཚོར་དངོས་སུ་ཨ་རི་ལྟར་ལག་བསྟར་ཐུབ་མིན་ནི་རྒྱ་ནག་ལ་ཨ་རི་ལྟར་ནུས་པ་ཡོད་མེད་དེ་རེད། ཐའེ་ཝན་ལ་མཚོན་ན་མང་གཙོ་དང་། མཐུན་ཕྱོགས་རྒྱལ་ཁབ་ཚོ་དང་མཉམ་འབྲེལ། ཐའེ་ཝན་རང་ལ་ནུས་པ། ཁྲིམས་ཀྱི་དབང་བསྒྱུར་བཅས་ཀྱི་ཆ་ནས། ཐའེ་ཝན་ནི་ཝེ་ནེ་ཛུ་ལ་དང་རྩ་བ་ནས་མི་འདྲ་ཞེས་བརྗོད་འདུག།
གསར་འགོད་པ། བསོད་ནམས་ཕུན་ཚོགས།