རྒྱ་ནག་གིས་བཙན་ཁྲིད་བྱས་པའི་ཧོང་ཀོང་གི་དེབ་འཚོང་མཁན་ཞིག་ལ་གཟེངས་རྟགས་ཐོབ་འདུག

སྐུ་ཞབས་གྷུ་མིན་ཧེ་ནི་སོ་སོའི་ཉེན་ཁ་ལ་མ་འཛེམས་པར། བློ་སྟོབས་ཅན་གྱི་དཔེ་དེབ་འགྲེམས་སྤེལ་བྱེད་མཁན་ཞིག་དང་། རྒྱ་ནག་གཞུང་གི་བསམ་བློ་གུ་དོགས་ཀྱི་ཆབ་སྲིད་ལམ་ལུགས་ལ་ཁ་གཏད་གཅོག་མཁན་ཞིག་ཡིན་སྐོར་སེ་ཝི་ཌན་གྱི་གསར་འགྱུར་བརྒྱུད་ལམ་ཚོགས་པས་བརྗོད་ཡོད་འདུག

ཟླ་འདིའི་ཕྱི་ཚེས་༢༠ ཉིན་རོའུ་ཊར་གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། མི་སྒེར་སོ་སོའི་ལོ་རྒྱུས་དེབ་པར་སྐྲུན་བྱས་པའི་ཧོང་ཀོང་གི་དེབ་འཚོང་མཁན་ད་ལྟ་རྒྱ་ནག་ཏུ་འཛིན་བཟུང་བཀག་ཉར་བྱས་ཡོད་པའི་མཁས་དབང་གྷུ་མིན་ཧེ་ལ། སེ་ཝི་ཌན་གྱི་གསར་འགྱུར་བརྒྱུད་ལམ་ཚོགས་པས་སྨྲ་བརྗོད་རང་དབང་དང་གསར་འགོད་རང་དབང་གི་ཐོག་ཨེན་ན་པོ་ལི་ཀོ་ཝོ་སི་ཀ་ཡ་(Anna Politkovskaya)ལོ་འཁོར་རྗེས་དྲན་གྱི་གཟེངས་རྟགས་ཞེས་པ་དེ་ཕུལ་ཡོད་འདུག་ལ། མཁས་དབང་གྷུ་མིན་ཧེ་ནི་རྒྱ་ནག་ཏུ་སྐྱེས་པའི་སེ་ཝི་ཌན་གྱི་མི་སེར་ཞིག་ཡིན་པ་རེད།

གྷུ་མིན་ཧེ་ནི་ཕྱི་ལོ་༢༠༡༥ ལོར་ཧོང་ཀོང་ནང་གི་དེབ་འཚོང་མཁན་མི་༥ བོར་བརླགས་ཤོར་ཡོད་པའི་ཁྲོད་ནས་གཅིག་ཡིན་པ་དང་། ཕྱིས་སུ་མི་༥ དེ་རྒྱ་ནག་སྐམ་ས་ཆེན་མོའི་ནང་དམ་དྲག་འོག་ཡོད་པ་ཤེས་རྟོགས་བྱུང་རྗེས་མི་གཞན་༤ ཕྱིར་ཧོང་ཀོང་དུ་ལོག་ཐུབ་པ་བྱུང་ཡོད་འདུག

གཟེངས་རྟགས་དེ་ཕུལ་སྐབས་སེ་ཝི་ཌན་གྱི་གསར་འགྱུར་བརྒྱུད་ལམ་ཚོགས་པས་གྷུ་མིན་ཧེ་ནི་སོ་སོ་མི་སྒེར་གྱི་ཉེན་ཁ་ལ་མ་འཛེམས་པར། བློ་སྟོབས་ཆེན་པོ་ངོམ་མཁན་གྱི་དཔེ་དེབ་པར་སྐྲུན་བྱེད་མཁན་ཞིག་དང་། རྒྱ་ནག་གཞུང་གི་བསམ་བློ་གུ་དོགས་ཀྱི་ཆབ་སྲིད་ལམ་ལུགས་ལ་ཁ་གཏད་གཅོག་མཁན་ཞིག་ཡིན་སྐོར་བརྗོད་འདུག

དེ་སྔོན་ཕྱི་ལོ་༢༠༡༥ ལོར་རྒྱ་ནག་གཞུང་གིས་མི་༥ དེ་འཇུ་བཟུང་བྱས་པའི་གནད་དོན་དེས། ཧོང་ཀོང་ནང་དུ་“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་”ཞེས་པའི་སྲིད་ཇུས་དེ་རྒྱ་ནག་གཞུང་གིས་མེད་པ་བཟོ་ཐབས་བྱེད་བཞིན་པའི་ཞེད་སྣང་བསླངས་ཡོད་པ་རེད།

སེ་ཝི་ཌན་གྱི་ཚོགས་པ་དེས་བརྗོད་པ་ལྟར་ན་མཁས་དབང་གྷུ་མིན་ཧེ་གུང་སེང་ལ་བསྐྱོད་སྐབས་ཐའེ་ལན་ཌེ་ནས་བཙན་ཁྲིད་བྱས་ཡོད་པ་དང་། སྐབས་དེར་ཁོང་གི་ནང་མི་ཚོས་ཀྱང་གང་དུ་འཇུ་བཟུང་བྱས་ཡོད་མེད་ཤེས་རྟོགས་བྱུང་ཐུབ་མེད་པ་རེད།

མཁས་དབང་གྷུ་མིན་ཧེའི་བུ་མོ་ཨེན་ཇི་ལ་གྷུ་ཡིས་“གཟེངས་རྟགས་དེ་བརྒྱུད་ནས་ངའི་པ་ལགས་ཀྱི་གནས་སྟངས་ཐོག་དོ་སྣང་སླེབས་རྒྱུ་ཡིན་པས། ང་རང་དགའ་པོ་བྱུང་”ཞེས་བཤད་ཡོད་ཚུལ་གཟེངས་རྟགས་སྤྲད་མཁན་ཚོས་ལུང་འདྲེན་བྱས་ཡོད་པ་རེད། དེ་བཞིན་མོས་“དོ་སྣང་ཇེ་ཆེ་སོང་ནས་ཁོང་གི་གནས་སྟངས་དང་། འཕྲོད་བསྟེན་སྐོར་གྱི་གནས་ཚུལ་སྔར་ལས་མང་བ་ཤེས་རྟོགས་ཐུབ་པ་དང་། གནས་སྟངས་སྔར་ལས་བཟང་བ་ཡོང་བའི་རེ་བ་ཡོད་”ཅེས་བརྗོད་ཡོད་འདུག

གནས་ཚུལ་འདིའི་ཐོག་ལ་རྒྱ་ནག་ཕྱི་སྲིད་བློན་ཆེན་ཁང་གི་མགྲིན་ཚབ་པ་ལུ་ཁང་ལ་སྐད་ཆ་དྲིས་སྐབས། ཁོས་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཚོས་གང་བྱས་ན་དེའི་ཐོག་སྐད་ཆ་བཤད་རྒྱུའི་འདོད་པ་མེད་སྐོར་བརྗོད་ནས་གཟེངས་རྟགས་ཀྱི་ཐོག་ལ་དེ་ལས་གཞན་པའི་སྐད་ཆ་བཤད་མེད་པ་རེད། འོན་ཀྱང་རྒྱ་ནག་གིས་རྒྱལ་ཁབ་དེའི་ཁྲིམས་ལུགས་ལག་བསྟར་བྱེད་མཁན་གྱི་ལས་བྱེད་ཚོས་གྷུ་མིན་ཧེ་ལ་ཁྲིམས་འགལ་གྱི་བྱ་བ་གཏན་ནས་བྱས་མེད་པ་བཤད་མུས་ཡིན་འདུག

ཨེན་ན་པོ་ལི་ཀོ་ཝོ་སི་ཀ་ཡ་ཞེས་པའི་གཟེངས་རྟགས་འདི་ནི་ཨུ་རུ་སུའི་ཆེག་ཡན་ཞེས་པའི་ས་གནས་སུ་འགྲོ་བ་མིའི་ཐོབ་ཐང་བརྡལ་བཤིག་གི་སྐོར་ལ་གནས་ཚུལ་སྤེལ་མཁན། ཡུ་ཀུ་རི་ནི་ཡན་གྱི་གྲགས་ཅན་གསར་འགོད་པ་ཨེན་ན་པོ་ལི་ཀོ་ཝོ་སི་ཀ་ཡ། ཕྱི་ལོ་༢༠༠༦ ལོར་ཨུ་རུ་སུའི་རྒྱལ་ས་མོ་སི་ཀོའུ་ལ་དམར་གསོད་བཏང་ཡོད་པ་དེའི་རྗེས་དྲན་གཟེངས་རྟགས་ཤིག་ལོ་ལྟར་སྤྲོད་བཞིན་པ་ཡིན་འདུག་ལ། གཟེངས་རྟགས་ཀྱི་མིང་ཡང་ཁོང་གི་མིང་བེད་སྤྱོད་བྱེད་བཞིན་ཡོད་པ་རེད་འདུག །

གསར་འགོད་པ་བཀྲ་ཤིས་དོན་གྲུབ།