རྒྱ་ནག་གིས་བཙན་བཟུང་བྱས་པའི་རྒྱལ་ཁབ་ཁག་འཁོད་པའི་ཚོན་ལྡན་ས་ཁྲ་ཞིག་དྲྭ་ཐོག་ཏུ་ཐོན།

ཟླ་འདིའི་ཚེས་༡༣ ཉིན་རྒྱ་གར་གྱི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ་ལྟར་ན། རྒྱ་གར་གྱི་དམག་སྤྱི་ཟུར་པ་ཞིག་གིས་ཚོན་ཁྲ་སྣ་ཚོགས་ལྡན་པའི་ས་ཁྲ་ཞིག་ཨེག་སིའམ་(X) ཡོངས་གྲགས་སུ་ཊུ་ཝི་ཊར་ཞེས་པའི་དྲྭ་ཐོག་ཏུ་སྤེལ་ཡོད་པ་དང་། ས་ཁྲ་དེའི་ནང་དུ་རྒྱ་ནག་གི་ས་ཆ་གང་ཡིན་དང་ལྷག་པར་དུ་རྒྱ་ནག་གིས་བཙན་བཟུང་བྱས་པའི་ལྷོ་སོག་དང་བོད། དེ་བཞིན་ཤར་ཏུར་ཀི་སོགས་གསལ་བཏོན་བྱས་ཡོད་པའི་གནས་ཚུལ་ཐོན་འདུག

ཟླ་འདིའི་ཚེས་༡༢ ཉིན་རྒྱ་གར་གྱི་དམག་སྤྱི་ཟུར་པ་མ་ནོ་ཇེ་ན་ར་ཝན་(Manoj Naravane) ཟེར་བ་ཞིག་གིས་ཚོན་ཁྲ་སྣ་ཚོགས་ལྡན་པའི་རྒྱ་ནག་གི་ས་ཁྲ་ཞིག་ཨེག་སི་དྲྭ་ཐོག་ཏུ་སྤེལ་ཡོད་པ་དང་། ས་ཁྲའི་འགོ་བརྗོད་དུ་ཆེས་མཐའ་མཇུག་དེར་མི་ཞིག་གིས་རྒྱ་ནག་གི་ས་ཁྲ་གང་ཡིན་པ་དེ་རག་འདུག་ཅེས་བཀོད་ཡོད་འདུག

མ་ནོ་ཇེ་ན་ར་ཝན།  པར། (wikiwand)

ས་ཁྲ་དེའི་ནང་རྒྱ་ནག་ཅེས་ས་ཁུལ་ཆུང་ངུ་ཞིག་ལས་ས་ཁུལ་མང་པོ་ཞིག་རྒྱ་ནག་གིས་བཙན་བཟུང་བྱས་པའི་ས་ཁུལ་ཞེས་གསལ་བཏོན་བྱས་ཡོད་པ་དང་། ས་ཁུལ་རེ་ལ་ཚོན་ཁྲ་མ་འདྲ་བ་རེ་རེས་མཚོན་པར་བྱས་ཡོད་འདུག

ཚོན་ཁྲ་སྣ་ཚོགས་ལྡན་པའི་ས་ཁྲ་དེའི་ནང་ཚོན་ཁྲ་དམར་པོ་ཅན་གྱི་ས་ཁུལ་དེ་ལ་རྒྱ་ནག་ཅེས་བྲིས་པ་ལས་ས་ཁུལ་གཞན་པ་ཚོ་ལ་རྒྱ་ནག་གིས་བཙན་བཟུང་བྱས་པའི་བོད་དང་ཤར་ཏུར་ཀི་སི་ཐན། དེ་བཞིན་ལྷོ་སོག་དང་མན་ཇུ། ཡུ་ནན་དང་ལ་དྭགས། ཧོང་ཀོང་ཞེས་རེ་རེ་ནས་རྒྱ་ནག་གིས་བཙན་བཟུང་བྱས་པ་ཡིན་པར་བྲིས་ནས་ལོགས་སུ་ཕྱེས་ཡོད་པ་དང་། ད་ལྟའི་ཆར་ཨེག་སི་དྲྭ་ཐོག་ཏུ་ས་ཁྲ་དེར་ལྟ་མཁན་ས་ཡ་༡.༤་བྱུང་ཡོད་འདུག

ལོ་འདིའི་ཕྱི་ཟླ་༨ ཚེས་༢༨ ་ཉིན་རྒྱ་ནག་གཞུང་གིས་ཚད་ལྡན་ས་ཁྲ་ཞེས་པ་ཞིག་པར་དུ་བསྐྲུན་ནས་འགྲེམས་སྤེལ་བྱས་ཡོད་པ་དང་། ས་ཁྲ་དེའི་ནང་རྒྱ་གར་གྱི་བྱང་ཤར་ཨ་རུ་ན་ཅལ་མངའ་སྡེ་དང་(Aksai Chin) ཞེས་པའི་ས་ཁུལ་དག་རྒྱ་ནག་གི་མངའ་ཁོངས་སུ་བཅུག་ཡོད་པ་མ་ཟད། ཐེ་ཝན་དང་ལྷོ་རྒྱ་ནག་རྒྱ་མཚོ་སོགས་ཀྱང་རྒྱ་ནག་གི་ཆ་ཤས་སུ་བསྡུས་ཡོད་པས་རྒྱ་གར་གྱིས་དེར་ཁ་གཏད་བཀྱག་ཡོད་པ་མ་ཟད།  ཉི་ཧོང་དང་མ་ལི་ཤི་ཡ། ཝེ་ཐེ་ནམ་དང་ཧྥི་ལི་ཕིན་བཅས་ལྷོ་ཤར་ཨེ་ཤེ་ཡའི་རྒྱལ་ཁབ་ཁག་གིས་ཀྱང་རྒྱ་ནག་ལ་ལན་འདེབས་དྲག་པོ་བྱས་ཡོད་འདུག །

གསར་འགོད་པ། བློ་བཟང་རྒྱ་མཚོ།