རྒྱ་ནག་གིས་བསྐྱར་དུ་ཨ་རུ་ཎ་ཅལ་མངའ་སྡེའི་ས་ཆ་༢༣ ལ་མིང་བཏགས་ནས་རྩོད་རྙོག་བཟོས་འདུག

རྒྱ་ནག་གཞུང་གིས་བསྐྱར་དུ་རྒྱ་གར་གྱི་ཨ་རུ་ན་ཅལ་མངའ་སྡེའི་ནང་ཡོད་པའི་ས་ཆ་༢༣ ལ་མིང་གསར་པ་བཏགས་ཏེ། དེ་དག་བོད་ཀྱི་ལྷོ་ཕྱོགས་ཀྱི་ས་ཆ་ཡིན་ཞེས་བརྗོད་འདུག་ལ། ལ་དྭགས་ཀྱི་ཉེ་འཁོར་དང་ཤར་ཏུར་ཀི་སི་ཐན་ནང་རྒྱ་ནག་གིས་རྫོང་གསར་པ་ཞིག་བཟོས་ནས་རྒྱ་གར་གྱི་ས་ཆ་རྒྱ་ནག་གིས་བཙན་བཟུང་བྱས་པ་དག་དེའི་ཁོངས་བཅུག་པ་རྒྱ་གར་གྱིས་སྐྱོན་བརྗོད་བྱས་འདུག

རྒྱ་གར་དུས་བབ།


ཕྱི་ལོ་༢༠༢༤ ཟླ་༤ ཚེས་༡༣ ཉིན་རྒྱ་གར་དུས་བབ་གསར་ཁང་གིས་གནས་ཚུལ་སྤེལ་དོན། ཉེ་ཆར་རྒྱ་ནག་གཞུང་གིས་ཨ་རུ་ན་ཅལ་མངའ་སྡེའི་ནང་གི་ས་ཆ་༢༣ ལ་བསྐྱར་དུ་མིང་གསར་པ་བཏགས་ནས་བོད་ལྷོ་ཕྱོགས་ཀྱི་ས་ཆ་ཡིན་པས། རྒྱ་ནག་གི་མངའ་ཁོངས་ཡིན་ཚུལ་བརྗོད་འདུག ཐེངས་འདི་ནི་འདས་པའི་ལོ་བདུན་ནང་རྒྱ་ནག་གིས་ཨ་རུ་ན་ཅལ་མངའ་སྡེའི་ས་ཆར་མིང་བཏགས་ནས་རང་གི་མངའ་ཁོངས་ཡིན་ཚུལ་བརྗོད་པ་ཐེངས་དྲུག་པ་དེ་ཆགས་ཀྱི་འདུག
གནད་དོན་དེར་རྒྱ་གར་གཞུང་གི་ཕྱི་སྲིད་ལྷན་ཁང་གིས་ལན་འདེབས་ནན་པོ་གནང་འདུག ཕྱི་སྲིད་བློན་ཆེན་སྐུ་ཞབས་ཇཱ་ཡི་ཤཱང་ཀར་(S. Jaishankar)གལ་ཏེ་ངས་ཁྱེད་ཀྱི་ཁང་པའི་མིང་བརྗེས་ན་དེ་ངའི་ཁང་པ་ཆགས་ཀྱི་རེད་དམ། ཨ་རུ་ཎ་ཅལ་མངའ་སྡེ་ནི་རྒྱ་གར་གྱི་ཆ་ཤས་ཤིག་ཡིན་པ་གསལ་པོ་རེད། མིང་གསར་པ་བཏགས་པ་ཙམ་གྱིས་གནས་སྟངས་ལ་འགྱུར་བ་གང་ཡང་འགྲོ་རྒྱུ་མ་རེད་ཅེས་གསུངས་འདུག
རྒྱ་གར་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་རཱན་དཱིར་ཇཱ་ཡི་སི་ཝལ་(Randhir Jaiswal)གྱིས་ཀྱང་རྒྱ་ནག་གི་བྱ་སྤྱོད་འདི་གཞི་རྩ་མེད་པའི་དཀྲོག་གཏམ་ཞིག་ཡིན་པ་དང་། རྒྱ་གར་གྱིས་ནམ་ཡང་ངོས་ལེན་བྱ་རྒྱུ་མིན། ཨ་རུ་ན་ཅལ་མངའ་སྡེ་ནི་གནའ་སྔ་མོ་ནས་རྒྱ་གར་གྱི་ཁ་བྲལ་ཐབས་མེད་པའི་ཆ་ཤས་ཤིག་ཡིན་ལ། ད་ལྟ་དང་མ་འོངས་པར་ཡང་རྒྱ་གར་གྱི་མངའ་ཁོངས་སུ་གནས་རྒྱུ་རེད་ཅེས་ནན་བརྗོད་བྱས་འདུག
དེ་མཚུངས་རྒྱ་ནག་གཞུང་གིས་ཤར་ཏུར་ཀི་སི་ཐན་ནང་། པ་ཀི་སི་ཐན་གྱིས་བཙན་བཟུང་བྱས་པའི་རྒྱ་གར་གྱི་ཀཱ་ཤི་མིར་ས་ཁུལ་དང་ཉེར་འཁོར་དུ་རྫོང་གསར་པ་ཞིག་བཙུགས་ཡོད་པ་དང་། དེའི་མིང་ལ་སི་ལིང་(Cenling) ཞེས་བཏགས་འདུག རྫོང་དེ་ནི་རྒྱ་ནག་དང་རྒྱ་གར། པ་ཀི་སི་ཐན། ཨབ་གྷ་ནི་སི་ཐན་བཅས་རྒྱལ་ཁབ་བཞིའི་ས་མཚམས་འདྲེས་པའི་ས་ཁུལ་དུ་ཆགས་ཡོད་པས། དམག་དོན་ཐབས་བྱུས་ཀྱི་ཐོག་ནས་ཧ་ཅང་གལ་ཆེན་པོ་ཆགས་ཡོད་འདུག
འདས་པའི་ལོ་གཅིག་དང་ཕྱེད་ཀྱི་ནང་རྒྱ་ནག་གིས་ཤར་ཏུར་ཀི་སི་ཐན་ནང་རྫོང་གསར་པ་གསུམ་བཙུགས་ཡོད་པ་དང་། ལོ་སྔོན་མ་རྒྱ་ནག་གིས་ཧེ་ཡོན་(Hean County)དང་ཧེ་ཁང་(Hekang County)རྫོང་གསར་པ་གཉིས་གསར་འཛུགས་བྱས་པར་རྒྱ་གར་གྱིས་ངོ་རྒོལ་བྱས་འདུག གང་ཡིན་ཞེ་ན། ས་ཁུལ་དེ་དག་ནང་རྒྱ་ནག་གིས་བཙན་བཟུང་བྱས་པའི་རྒྱ་གར་གྱི་ལ་དྭགས་ཀྱི་ས་ཆ་མང་པོ་ཚུད་ཀྱི་ཡོད་འདུག
རྒྱ་ནག་གིས་འདས་པའི་ཕྱི་ལོ་༢༠༡༧། ༢༠༢༡། ༢༠༢༣། དང་༢༠༢༤ བཅས་ཀྱི་ལོ་དག་ལ་ཨ་རུ་ཎ་ཅལ་མངའ་སྡེའི་ས་ཆ་ཁག་ལ་མིང་གསར་པ་བཏགས་ནས་བོད་ལྷོ་ཕྱོགས་ཀྱི་ས་ཆ་ཡིན་ཚུལ་བརྗོད་ཡོད་ཅིང་། རྒྱ་ནག་གཞུང་གིས་ཨ་རུ་ན་ཅལ་ནང་ཡོད་པའི་རྟ་དབང་ནི་༧རྒྱལ་མཆོག་སྐུ་ཕྲེང་༦ པ་ཚངས་དབྱངས་རྒྱ་མཚོའི་འཁྲུངས་ཡུལ་ཡིན་པ་དང་། རྟ་དབང་དགོན་ཆེན་ཡོད་པས། དེ་ནི་བོད་ལྷོ་ཕྱོགས་ཀྱི་ས་ཆ་ཡིན་པར་བརྗོད་ཀྱི་ཡོད་ཀྱང་། རྒྱ་གར་གཞུང་དང་བཙན་བྱོལ་བོད་མིའི་སྒྲིག་འཛུགས་གཉིས་ཀའི་ངོས་ནས་ཨ་རུ་ན་ཅལ་ནི་རྒྱ་གར་གྱི་ཆ་ཤས་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད་ཅེས་རྒྱ་གར་གཞུང་གིས་བརྗོད་འདུག །
གསར་འགོད་པ། བསོད་ནམས་ཕུན་ཚོགས