རྒྱ་ནག་གིས་ཡུ་གུར་བའི་བུད་མེད་རྣམས་ཀྱི་སྐྱེ་སྒོ་བཙན་གྱིས་བཀག་སྟེ་མི་འབོར་ཉུང་དུ་གཏོང་བཞིན་པ། 

རྒྱ་ནག་གཞུང་གིས་འཆར་གཞི་དང་གོ་རིམ་ལྡན་པའི་སྒོ་ནས་ཡུ་གུར་བའི་བུད་མེད་ཚོའི་སྐྱེ་སྒོ་བཙན་གྱིས་བཀག་སྟེ་ཡུ་གུར་བའི་“ མི་རིགས་རྩ་མེད་”བཟོ་བཞིན་ཡོད་འདུག

ཕྱི་ལོ་༢༠༡༥ ལོ་རྒྱ་ནག་གཞུང་གིས་བྱིས་པ་གཅིག་ལས་སྐྱེ་མི་ཆོག་པའི་ཁྲིམས་དེ་སྒྱུར་བཅོས་བཏང་རྗེས། རྒྱ་རིགས་ཚོར་བྱིས་པ་མང་ཙམ་སྐྱེ་དགོས་པའི་སྐུལ་མ་གཏོང་བཞིན་ཡོད་ཀྱང་། ཡུ་གུར་བ་དང་གྲངས་ཉུང་མི་རིགས་གཞན་དག་གི་བུད་མེད་ཚོའི་སྐྱེ་སྒོ་བཙན་གྱིས་བཀག་སྟེ་ཁ་ཆེའི་མི་འབོར་ཉུང་དུ་གཏོང་བའི་བྱ་འགུལ་མི་སྤྱོད་ལས་འདས་པ་ཞིག་སྤེལ་གྱི་ཡོད་འདུག 

དེ་ཡང་རྒྱལ་སྤྱིའི་གསར་ཁང་གྲགས་ཅན་Associated Press ཡིས་ཕྱི་ཟླ་༦ ཚེས་༢༩ ཉིན་སྤེལ་བའི་གསར་འགྱུར་ནང་། གསར་ཁང་དེས་རྒྱ་ནག་གཞུང་གི་མི་འབོར་གྱི་གྲངས་ཐོ་དང་། གཞུང་གི་ཡིག་ཆ། དེ་བཞིན་ཡུ་གུར་བའི་བཙོན་ཟུར་དང་ནང་མི་སོགས་མི་༣༠ ལ་བཅར་འདྲི་སོགས་བྱས་ནས་ཤེས་རྟོགས་བྱུང་བ་ལྟར་ན། ཡུ་གུར་བའི་བུད་མེད་རྣམས་ཀྱི་སྐྱེ་སྒོ་བཙན་གྱིས་འགོག་པའི་བྱ་འགུལ་དེ་སྔར་ཤེས་རྟོགས་བྱུང་བ་ལས་ལྡབ་ཀྱིས་གཞི་རྒྱ་ཆེ་བ་དང་། གོ་རིམ་དང་འཆར་གཞི་ལྡན་པ་ཞིག་ཆགས་ཡོད་འདུག 

རྒྱ་ནག་གཞུང་གིས་བཙན་གྱིས་གྲངས་ཉུང་མི་རིགས་ཀྱི་བུད་མེད་རྣམས་ལ་མངལ་ཡོད་མེད་ཡང་ཡང་ལྟ་རུ་འཇུག་པ་དང་།   མངལ་སྒོར་མངལ་འགོག་ཡོ་ཆས་(intrauterine devices) འཇོག་པ། སྐྱེ་རྩ་འབྲེག་གཅོད་གཏོང་བ་མ་ཟད། ཐ་ན་མངལ་ཆགས་ཟིན་པའི་བུད་མེད་སྟོང་ཕྲག་མང་པོར་བཙན་ཤེད་ཀྱིས་མངལ་འབྱིན་དུ་འཇུག་པ་སོགས་བྱས་ཏེ་གདུག་རྩུབ་ཆེན་པོས་གྲངས་ཉུང་མི་རིགས་ཀྱི་མི་འབོར་ཉུང་དུ་གཏོང་བཞིན་ཡོད་འདུག་སྟབས། རྒྱ་ནག་རྒྱལ་ཡོངས་སུ་སྐྱེ་རྩ་འབྲེག་གཅོད་དང་། མངལ་འགོག་ཡོ་ཆས་བེད་སྤྱོད་བྱེད་སྲོལ་ཉུང་དུ་ཕྱིན་ཡོད་ན་ཡང་། རྒྱ་ནག་གིས་ཤིན་ཅང་དུ་འབོད་པའི་ས་ཁུལ་དུ་ཤུགས་ཆེར་འཕར་བཞིན་ཡོད་འདུག 

ཡུ་གུར་བའི་མི་འབོར་འཕེལ་རྒྱས་ལ་སྟངས་འཛིན་བྱེད་ཐབས་ནུས་པ་ལྡན་པ་གཅིག་ནི། མི་མང་པོ་འཛིན་བཟུང་བྱས་ཏེ་བཙོན་སྒར་དུ་འཇུག་རྒྱུ་དེ་ཡིན་འདུག་ཅིང་། ཉེ་བའི་ལོ་ཤས་ཀྱང་རྒྱ་ནག་གིས་ཡུ་གུར་བ་ས་ཡ་གཅིག་ལྷག་འཛིན་བཟུང་གིས་བཙོན་སྒར་དུ་བཏང་ཡོད་པ་དང་། བཙོན་སྒར་དུ་གཏོང་བ་དེས་འཇིགས་སྐུལ་དང་ཉེས་ཆད་གཉིས་ཀ་བྱེད་ཐུབ་ཀྱི་ཡོད་འདུག་སྟེ། Associated Press གསར་ཁང་གིས་ད་ཐེངས་གསར་རྙེད་བྱུང་བའི་གནས་ཚུལ་ལྟར་ན།  ཡུ་གུར་བ་རྣམས་བཙོན་སྒར་དུ་གཏོང་བྱེད་ཀྱི་རྒྱུ་མཚན་གཙོ་བོ་ནི་གཅིག་ནི་སྲིད་གཞུང་གིས་བཤད་པ་ལས་བྱིས་པ་མང་བ་སྐྱེས་པས་ཡིན་འདུག

གཞན་ཡང་། Associated Press གསར་ཁང་གི་ཞིབ་འཇུག་གྲུབ་དོན་གསར་ཤོས་དེའི་ནང་གསལ་བ་ལྟར་ན། ཉེ་བའི་ལོ་འགའ་ཤས་ནང་རྒྱ་ནག་གཞུང་གིས་སྐྱེ་སྒོ་འགོག་པའི་ཐོག་ཏུ་ཨ་སྒོར་ས་ཡ་བརྒྱ་ཕྲག་མང་པོ་བཏང་བ་དེས། ཤིན་ཅང་རྒྱ་ནག་གི་མི་འབོར་འཕེལ་རྒྱས་ཆེས་ཆེ་ཤོས་ཀྱི་ས་ཁུལ་ནས་ཆེས་དལ་ཤོས་སུ་བསྒྱུར་ཡོད་འདུག་སྟེ། ཕྱི་ལོ་༢༠༡༥ ནས་༢༠༡༨ བར་ཡུ་གུར་བའི་བྱིས་པ་སྐྱེ་བ་ཚད་དེ་བརྒྱ་ཆ་ ༦༠ ལྷག་མར་ཆག་ཡོད་འདུག 

རྒྱ་ནག་གཞུང་གི་མི་སྤྱོད་ལས་འདས་པའི་བྱེད་སྟངས་དེའི་ཐད་ལ། ཡུ་གུར་བའི་མཁས་པ་ཇོན་ན-སི་མི་ཐི་(Joanne Smith Finley)ཡིས་“འདི་ནི་མི་རིགས་རྩ་མེད་བཟོ་བ་ཞིག་རེད། འདི་མི་ཤིན་ཏུ་འབོར་ཆེན་ཞིག་ཧ་ལས་ཧོན་འཐོར་བའི་ངང་འཕྲལ་དུ་གནས་གཅིག་ལ་གསོད་པ་དེ་འདྲ་ཞིག་མ་ཡིན་ཡང་། ག་ལེར་མངོན་ཆུང་དང་སྡུག་བསྔལ་ཆེན་པོའི་ངང་རྩ་མེད་བཟོ་བ་ཞིག་རེད་”ཅེས་བརྗོད་འདུག །

གསར་འགོད་པ་དཀོན་མཆོག་རབ་བརྟན།