རྒྱ་ནག་གིས་སྟོབས་ཆེན་རྒྱལ་ཁབ་ཉི་ཤུའི་མཐུན་ཚོགས་ལ་ཧོང་ཀོང་གི་གནད་དོན་གླེང་དུ་འཇུག་གི་མིན་ཚུལ་བརྗོད། 

པེ་ཅིང་སྲིད་གཞུང་གིས་ཨ་རྒྱའི་ཚོང་ལས་ནང་འགྲིག་ཡོང་བའི་རེ་སྐུལ་ཞུ་བ་དང་ཆབས་ཅིག རྒྱ་ནག་ཕྱི་སྲིད་བློན་ཆེན་ཤཱིན་ཇོན་(Zhan Jun) གྱིས་ཕྱིའི་རྒྱལ་ཁབ་ཚོར་རྒྱ་ནག་ནང་ཁུལ་གྱི་གནད་དོན་ལ་ཐེ་ཇུས་བྱེད་པའི་ཐོབ་ཐང་མེད་ཚུལ་བརྗོད་འདུག

ཟླ་འདིའི་ཚེས་༢༤ ཉིན་རྒྱ་ནག་ཕྱི་སྲིད་བློན་ཆེན་གཞོན་པ་ཤཱིན་ཇོན་གྱིས་བརྗོད་པ་ལྟར་ན། བདུན་ཕྲག་འདིར་འཚོགས་གཏན་ཁེལ་བའི་སྟོབས་ཆེན་རྒྱལ་ཁབ་ཉི་ཤུའི་མཐུན་ཚོགས་ཀྱི་ཚོགས་འདུའི་སྟེང་རྒྱ་ནག་གིས་ཧོང་ཀོང་གི་གནད་དོན་གླེང་དུ་འཇུག་རྒྱུ་རེད་མི་འདུག

ཟླ་བ་འདིའི་ནང་མི་མང་ས་ཡ་མང་པོ་ཧོང་ཀོང་གི་སྲང་ལམ་དུ་ཐོན་ནས་ཉེས་ཅན་པ་རྣམས་དམར་ཤོག་ཚོགས་པའི་སྟངས་འཛིན་འོག་ཡོད་པའི་རྒྱ་ནག་སྐམ་ས་ཆེན་པོའི་ཁྲིམས་ཁང་དུ་ཐག་གཅོད་བྱེད་པའི་ཁྲིམས་འཆར་དེར་ངོ་རྒོལ་བྱས།

ཉེན་རྟོག་པས་མི་ཚོགས་མེད་པ་བཟོ་ཆེད་འགྱིག་གི་མདེའུ་དང་དུག་རླངས་འཕངས་པ་ལ་བརྟེན་ནས་ལོ་ངོ་བཅུ་ཕྲག་ནང་བྱུང་མྱོང་མེད་པའི་འཚེ་བའི་ངོ་རྒོལ་བྱུང་བ་དང། ཁྲིམས་འཆར་དེ་དང་ཉེན་རྟོག་པས་མི་མང་གི་ངོ་རྒོལ་ལ་ཡ་ལན་སྤྲོད་སྟངས་དེར་རྒྱལ་སྤྱིའི་རང་དབང་ཚོགས་པ་ཁག་གིས་སྐྱོན་བརྗོད་བྱས་འདུག

འཛམ་གླིང་གི་དཔལ་འབྱོར་ཆེ་ཤོས་ཀྱི་རྒྱལ་ཁབ་གཉིས་ཏེ། ཨ་རི་དང་རྒྱ་ནག་བར་གྱི་ཚོང་ལས་རྩོད་རྙོག་ཛ་དྲག་ཏུ་འགྱུར་བཞིན་པའི་དུས་ཟིང་ཁྲོད། བདུན་ཕྲག་འདིར་ཉི་ཧོང་གི་གྲོང་ཁྱེར་ཨོ་ས་ཁ (Osaka) ལ་འཚོགས་གཏན་ཁེལ་བའི་སྟོབས་ཆེན་རྒྱལ་ཁབ་ཉི་ཤུའི་མཐུན་ཚོགས་(G20) ཀྱི་ཚོགས་འདུའི་ཐོག རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་དང་ཨ་རིའི་སྲིད་འཛིན་ཏྲོམ་ཕི་གཉིས་ཐུག་རྒྱུ་རེད་འདུག

པེ་ཅིང་དུ་ཕྱི་སྲིད་བློན་ཆེན་གཞོན་པ་ཤཱིན་ཇོན་ལ་ཞི་ཅིན་ཕིང་དང་ཏྲོམ་ཕི་གཉིས་ཀྱིས་སྟོབས་ཆེན་རྒྱལ་ཁབ་ཉི་ཤུའི་མཐུན་ཚོགས་ཀྱི་ཚོགས་འདུའི་སྟེང་ཧོང་ཀོང་གི་གནད་དོན་གླེང་རྒྱུ་ཡིན་མིན་དྲིས་པ་ན། ཁོས་”ངས་གསལ་པོར་བརྗོད་ཐུབ་པ་གཅིག་ལ། སྟོབས་ཆེན་རྒྱལ་ཁབ་ཉི་ཤུའི་མཐུན་ཚོགས་ཀྱིས་ཧོང་ཀོང་གི་གནད་དོན་གླེང་རྒྱུ་མ་རེད། ང་ཚོས་ཧོང་ཀོང་གི་གནད་དོན་གླེང་དུ་འཇུག་གི་མིན་”ཞེས་བཤད་འདུག

ཁོས་ད་དུང”ཧོང་ཀོང་ནི་རྒྱ་ནག་ནང་ལོགས་ཀྱི་དམིགས་བསལ་ས་ཁུལ་ཞིག་རེད། ཧོང་ཀོང་གི་གནད་དོན་རྣམས་རྒྱ་ནག་རང་གི་གནད་དོན་རེད། ཕྱིའི་རྒྱལ་ཁབ་སུ་གཅིག་ལའང་ཐེ་ཇུས་བྱེད་པའི་ཐོབ་ཐང་མེད་”ཅེས་བརྗོད་འདུག །

གསར་འགོད་པ་དཀོན་མཆོག་རབ་བརྟན།