རྒྱ་ནག་གིས་ཧི་མ་ལ་ཡའི་ཁུལ་དུ་མངའ་ཁུལ་རྒྱ་སྐྱེད་བྱེད་བཞིན་ཡོད་འདུག

ད་ཆར་ཐའེ་ཝན་གྱི་བདེ་འཇགས་དང་ལྷོ་རྒྱ་ནག་རྒྱ་མཚོའི་མངའ་ཁུལ་ལ་རྒྱལ་སྤྱིས་དོ་སྣང་ཆེན་པོ་བྱེད་བཞིན་ཡོད་ཀྱང་། རྒྱ་གཞུང་གིས་ཧི་མ་ལ་ཡའི་མངའ་ཁུལ་དུ་ཁ་ཁུ་སིམ་པོའི་ཐོག་ནས་གཞན་གྱི་མངའ་ཁུལ་བཙན་བཟུང་དང་རྒྱ་སྐྱེད་བྱེད་བཞིན་ཡོད་འདུག

པར། ཕྱི་འབྲེལ་སྲིད་བྱུས་དུས་དེབ།

ཕྱི་ཚེས་༣ ཉིན་བྷེལ་ཇམ་གྱི་རྒྱལ་སར་གནས་སྡོད་བྱེད་མཁན་(Anchal Vohra)ཟེར་བའི་བུད་མེད་སྲིད་དོན་དཔྱད་བརྗོད་པ་ཞིག་གིས་ཕྱི་འབྲེལ་སྲིད་བྱུས་ཟེར་བའི་དུས་དེབ་གྲགས་ཅན་ཞིག་གི་ཐོག་ཏུ་བརྗོད་དོན། ད་ཆར་ཧི་མ་ལ་ཡའི་མངའ་ཁུལ་དུ་རྒྱ་ནག་གི་མངའ་ཁུལ་རྒྱ་སྐྱེད་བྱེད་ཀྱི་ཡོད་པའི་སྐོར་རྩོམ་ཞིག་སྤེལ་ཡོད་འདུག་ལ། ཁོང་མོས་སྲིད་ཟུར་བློ་བཟང་སེང་གེ་ལགས་དང་། གཞན་ཧི་མ་ལ་ཡའི་མངའ་ཁུལ་གྱི་གནད་དོན་ཐོག་མཁས་པ་ཁག་ཅིག་ལ་བཅར་འདྲི་བྱས་ནས་ཁོང་ཚོའི་བསམ་ཚུལ་ཡང་བཀོད་འདུག དེ་ཡང་ཁོང་མོས་བརྗོད་དོན་ལ། ད་ཆར་རྒྱལ་སྤྱིའི་ཐོག་ལྷོ་རྒྱ་མཚོ་དང་ཐའེ་ཝན་གྱི་བདེ་འཇགས་ལ་དོ་སྣང་ཆེན་པོ་བྱེད་བཞིན་ཡོད་ཀྱང། རྒྱ་ནག་གཞུང་གིས་ཧི་མ་ཡའི་མངའ་ཁུལ་དུ་གཞན་གྱི་མངའ་ཁུལ་བདག་བཟུང་བྱེད་བཞིན་ཡོད་པ་དང་། ཧི་མ་ལ་ཡའི་མངའ་ཁུལ་དུ་འདས་པའི་ལོ་ཤས་ནང་རྒྱ་ནག་གཞུང་གིས་དངུལ་ཕོན་ཆེན་བཏང་ནས་འཛུགས་སྐྲུན་གྱི་ལས་གཞི་རྒྱ་ཆེན་བྱེད་བཞིན་ཡོད་འདུག དེ་ཡང་འཛུགས་སྐྲུན་ནང་དམག་གི་རྟེན་གཞི་དང་། མངའ་ཁུལ་འཛིན་སྐྱོང་ལས་ཁུངས་སོགས་ཀྱི་འཛུགས་སྐྲུན་ལས་གཞི་རྒྱ་ཆེན་སྤེལ་བཞིན་ཡོད་འདུག འཛུགས་སྐྲུན་ལས་གཞི་སྤེལ་ནས་མངའ་ཁུལ་དེ་ལ་“hidden valley”གསང་བའི་གྲོང་སྡེ་ཟེར་གྱི་ཡོད་འདུག (Beyul Khenpajong སྦལ་ཡུལ་མཁན་པ་ལྗོངས་)ཟེར་བའི་ས་ཆ་དེ་ནས་འབྲུག་རྒྱལ་པོའི་རྒྱལ་རྒྱུད་ཡོང་ཡོད་ཚུལ་བརྗོད་ནས་གནའ་བོའི་ཤུལ་བཞག་ཡིན་པས་གལ་ཆེན་པོ་བརྩི་གི་ཡོད་འདུག རྒྱ་ནག་གཞུང་གིས་ཕྱི་ལོ་༢༠༡༥ ཙམ་ནས་འབྲུག་རྒྱལ་ཁབ་ཀྱི་མངའ་ཁུལ་བདག་བཟུང་བྱེད་འགོ་བཙུགས་ནས་ཕྱི་འབྲེལ་སྲིད་བྱུས་ཀྱི་དུས་དེབ་(Robert Barnett)ཟེར་བའི་ཐོག་ཧི་མ་ལ་ཡའི་མངའ་ཁུལ་གྱི་གནད་དོན་ཐད་མཁས་པ་ཞིག་ཡིན་འདུག་པ་དང་། ཁོང་གིས་རྒྱ་ནག་གཞུང་གིས་ཧི་མ་ལ་ཡའི་མངའ་ཁུལ་འབྲུག་གི་ས་ཆ་བདག་བཟུང་བྱེད་བཞིན་ཡོད་པར་བརྗོད་ཡོད་འདུག་ལ། Gyalaphugཟེར་བའི་གྲོང་སྡེ་ཞིག་འཛུགས་སྐྲུན་བྱས་ཡོད་པ་ཕྱིར་བསྒྲགས་བྱས་ཡོད་འདུག བདུན་ཕྲག་སྔོན་མ་(Robert Barnett)ཡིས་བརྗོད་དོན་ལ་འདས་པའི་ལོ་གཉིས་ནང་རྒྱ་ནག་གཞུང་གིས་འབྲུག་དང་བོད་ཀྱི་ས་མཚམས་སུ་འཛུགས་སྐྲུན་ལས་གཞི་རྒྱ་ཆེན་བྱེད་བཞིན་ཡོད་པར་བརྗོད་འདུག དེ་བཞིན་ད་ཆར་རྒྱ་ནག་གཞུང་གིས་འབྲུག་གི་ས་ཆའི་ཁྱོན་སྤྱི་ལོ་གྲུ་བཞི་་མ་༤༩༥ ཙམ་ཞིག་བོད་རང་སྐྱོང་ལྗོངས་ཟེར་བ་དེའི་ཁོངས་གཏོགས་ཡིན་པར་བརྗོད་ནས་བཙན་བཟུང་བྱེད་བཞིན་ཡོད་འདུག གནད་དོན་དེ་དང་འབྲེལ་ནས་སྲིད་ཟུར་བློ་བཟང་སེང་གེ་ལགས་སུ་བཅར་འདྲི་བྱས་ཡོད་འདུག་ལ། སྲིད་ཟུར་ལགས་ནི་བཙན་བྱོལ་བོད་མིའི་འགོ་ཁྲིད་ཟུར་པ་ཞིག་ཡིན་པ་དང་། ད་ཆར་ཨ་རིའི་ཧ་ཝར་མཐོ་སློབ་ཀྱི་ཨེ་ཤེ་ཡའི་མངའ་ཁུལ་གྱི་ཁྲིམས་ལུགས་མཁས་པ་ཞིག་ཡིན་པ་རེད་ཅེས་བརྗོད་འདུག སྲིད་ཟུར་ནས་བརྗོད་དོན་ལ་ལོ་རྒྱུས་ནི་འགོ་རྙོག་ཚ་པོ་ཞིག་ཡིན་ཡང་ཞིབ་ཕྲ་ཤེས་རྒྱུ་གལ་ཆེན་པོ་རེད་། ས་ཁུལ་དེ་དག་གི་གནད་དོན་སྐོར་བོད་པས་གླེང་སློང་བྱེད་རྒྱུ་མང་པོ་ཡོད། རྒྱ་ནག་གཞུང་གིས་གནད་དོན་དེ་དག་གི་སྐོར་རྩོད་གླེང་བྱེད་རྒྱུའི་ཐོབ་ཐང་རྩ་བ་ནས་ཡོད་མ་རེད། རྒྱུ་མཚན་ནི་རྒྱ་ནག་གཞུང་གིས་བོད་ལ་བཙན་འཛུལ་བྱས་ནས་ད་བར་བོད་བཙན་དབང་འོག་གནས་ཡོད་རེད། ད་ཆར་རྒྱ་ནག་གཞུང་གིས་(Khenpajongམཁན་པ་ལྗོངས་) དང་(Doklam)འབྲོག་ལམ་གྱི་ས་ཆ་གཉིས་རྒྱ་ནག་ཡིན་ལབ་ཀྱི་ཡོད་རེད། སྤྱིར་བཏང་རྒྱ་ནག་གི་འགོ་ཁྲིད་ཚོ་ལ་ཕྱི་ལོ་༡༩༥༠ ཙམ་འཆར་གཞི་ཡོད་པ་ཞིག་ལ་བོད་ནི་ལག་མཐིལ་ཡིན་པ་དང་། དེ་ནས་བལ་ཡུལ། ལ་དྭགས། སིས་ཀེམ། འབྲུག  ཨ་རུ་ན་ཅལ་བཅས་ནི་མཛུབ་མོ་ཡིན་པས། བོད་བཙན་བཟུང་བྱེད་ཐུབ་ནའང་གཞན་མཛུབ་མོ་རྣམས་བདག་བཟུང་བྱེད་རྒྱུ་ལས་སླ་པོ་ཡིན་པར་བརྗོད་ཡོད་པ་ཞེས་ད་ཆར་མཛུབ་མོ་རྣམས་བདག་བཟུང་བྱེད་འགོ་འཛུགས་བཞིན་པ་སྲིད་ཟུར་ལགས་ནས་བརྗོད་འདུག འབྲུག་ནས་ཡིན་པའི་མིང་བརྗོད་འདོད་མེད་པའི་མི་ཞིག་གིས་བརྗོད་ཡོད་པ་ཞིག་ལ་ད་ཆར་འབྲུག་གཞུང་གིས་རྒྱ་དཀར་ནག་བར་དམག་འཁྲུག་གཡོལ་ཐབས་བྱེད་བཞིན་ཡོད་པར་བརྗོད་འདུག སྲིད་ཟུར་ལགས་ནས་བརྗོད་དོན་ལ་ད་ཆར་རྒྱ་དཀར་ནག་གཉིས་བར་འབྲུག་རྒྱལ་ཁབ་ལ་གནོད་ཤུགས་ཆེན་པོ་སླེབ་བཞིན་ཡོད་པ་དང་། རྒྱ་ནག་གཞུང་ནས་འབྲུག་དང་ཚོང་འབྲེལ་མཉམ་ལས་བྱེད་རྒྱུའི་འདུན་པ་བསྟན་ཡོད་ཅིང་། རྒྱུད་གཅིག་ལམ་གཅིག་གི་ཚོང་དོན་མཉམ་འབྲེལ་འབྲུག་གིས་ངོས་ལེན་བྱས་མེད་པར་བརྟེན། འབྲུག་གིས་ས་མཚམས་སུ་རྒྱ་ནག་གཞུང་གི་གནོན་ཤུགས་སླེབ་ཀྱི་ཡོད་པར་བརྗོད་ཡོད་འདུག།

གསར་འགོད་པ། བསོད་ནམས་ཕུན་ཚོགས།