རྒྱ་ནག་གིས་ཧོང་ཀོང་གི་འོས་བསྡུའི་ལམ་ལུགས་སྒྱུར་བཅོས་གཏོང་འཆར་འདུག
རྒྱ་ནག་གཞུང་གིས་རྒྱལ་ཡོངས་མི་དམངས་ཚོགས་ཆེན་(National People’s Congress) ཐོག་ཧོང་ཀོང་གི་འོས་བསྡུའི་ལམ་ལུགས་སྒྱུར་བཅོས་བཏང་ནས་“རྒྱལ་གཅེས་པ་རྣམས་”ལ་འགན་དབང་སྤྲོད་རྒྱུ་ཡིན་ཚུལ་བསྒྲགས་འདུག་པ་དང་། དེ་ནི་སྔོན་ཆད་ལྟོས་བཅས་ཀྱི་རང་དབང་ཆེ་བའི་ཧོང་ཀོང་བོད་དང་ཤར་ཏུར་ཀི་སི་ཐན་ལྟར་ཡོངས་སུ་དྲག་པོའི་དབང་འོག་ཏུ་བསྡུ་རྒྱུ་ཡིན་པའི་རྣམ་འགྱུར་ཞིག་ཡིན་འདུག
དེ་རིང་སྟེ་ཕྱི་ཟླ་༣ ཚེས་༥ རེས་གཟའ་པ་སངས་ཉིན་འགོ་ཚུགས་པའི་རྒྱག་གི་ལོ་འཁོར་རྒྱལ་ཡོངས་ཚོགས་ཆེན་ཐོག རྒྱ་ནག་གཞུང་གིས་ཧོང་ཀོང་གི་མང་གཙོ་དང་། འོས་བསྡུའི་ལམ་ལུགས་སྒྱུར་བཅོས་གཏོང་རྒྱུ་ཡིན་ཚུལ་བསྒྲགས་པ་མ་ཟད། རྒྱལ་སྲུང་འགྲོ་གྲོན་དང་། དཔལ་འབྱོར་འཕེལ་རྒྱས་ཀྱི་དམིགས་ཚད། ཁོར་ཡུག་སྲུང་སྐྱོབ་ཀྱི་སྲིད་ཇུས་ལ་སོགས་པའི་གལ་ཆེའི་གནད་དོན་འགའ་ཕྱིར་བསྒྲགས་བྱས་འདུག
རྒྱལ་ཡོངས་མི་དམངས་ཚོགས་ཆེན་གྱི་ཚོགས་གཙོ་གཞོན་པ་ཝང་ཁྲིན་(Wang Chen) གྱིས་ཧོང་ཀོང་གི་གཞི་རྩའི་ཁྲིམས་(Basic Law) ཀྱི་དོན་ཚན་འགའ་ལ་བསྐྱར་བཅོས་བྱེད་རྒྱུ་ཡིན་ཚུལ་བསྒྲགས་འདུག་པ་དང་། དེའི་གོ་དོན་ནི་ཧོང་ཀོང་གི་མང་གཙོའི་འོས་བསྡུའི་ལམ་ལུགས་དང་འབྲེལ་བའི་ཁྲིམས་ལ་སྒྱུར་བཅོས་གཏོང་རྒྱུ་ཡིན་ཟེར་བ་ཡིན་འདུག
སྐུ་ཞབས་ཝང་ཁྲིན་གྱིས་ཧོང་ཀོང་གི་འོས་བསྡུའི་ལམ་ལུགས་ཀྱི་“སྐྱོན་ཆ་དེ་དག་”གིས་ཕྱོགས་འགལ་ལས་འགུལ་བ་རྣམས་ལ་ཧོང་ཀོང་རང་བཙན་ཡིན་པ་རྩོད་དུ་བཅུག་ཡོད་ཅེས་བཤད་པའི་ཐོག “ཉེན་ཁ་དེ་དག་”མེད་པ་བཟོས་ནས་“ཧོང་ཀོང་རང་གི་ཁྱད་ཆོས་ལྡན་པའི་མང་གཙོའི་འོས་བསྡུའི་ལམ་ལུགས་ཤིག་གསར་བཟོ་་བྱེད་དགོས་”ཞེས་བསྣན་འདུག
ཕྱི་ལོ་༡༩༩༧ ལོར་དབྱིན་ཇིས་ཧོང་ཀོང་རྒྱ་ནག་ལ་རྩིས་སྤྲོད་བྱེད་སྐབས། རྒྱ་ནག་གིས་ཧོང་ཀོང་ལ་ལོ་ངོ་༥༠ ཡི་རིང་སྟེ། ཕྱི་ལོ་༢༠༤༧ བར་“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་”ཀྱི་སྲིད་བྱུས་ལག་བསྟར་བྱེད་པའི་ཁས་བླངས་པ་ལྟར། འདས་པའི་ལོ་ཤས་བར་དུ་ཧོང་ཀོང་ལ་ལྟོས་བཅས་ཀྱི་རང་དབང་དང་མང་གཙོ་ལོངས་སུ་སྤྱོད་རྒྱུ་ཅུང་བྱུང་ཡོད་ན་ཡང་། ན་ནིང་ཕྱི་ཟླ་༦ པའི་ནང་རྒྱ་ནག་གིས་ཧོང་ཀོང་མི་མང་དང་། རྒྱལ་སྤྱིའི་ངོ་རྒོལ་དང་སྐྱོན་བརྗོད་ལ་ཅི་སྙམ་པར་“རྒྱལ་ཁབ་བདེ་འཇགས་བཅའ་ཁྲིམས་”ཞེས་པ་དངོས་སུ་གཏན་ལ་ཕབ་པ་ནས་བཟུང་། ཁྲིམས་གསར་པ་དེ་བེད་སྤྱོད་བྱས་ཏེ་མང་གཙོའི་ལས་འགུལ་བ་དང་། ཕྱོགས་འགལ་ཆབ་སྲིད་མི་སྣ་རྣམས་འཛིན་བཟུང་དང་བཙོན་འཇུག་བྱས་དང་བྱེད་བཞིན་ཡོད་ལ། བདུན་ཕྲག་སྔོན་མ་ཁོ་ནར་ཁྲིམས་གསར་པ་དེའི་འོག་ནས་མང་གཙོའི་ལས་འགུལ་བ་༤༧ ལ་“རྒྱལ་ཁབ་མགོ་རྟིང་སློག་”པའི་ཁྲིམས་ཐག་བཅད་ཡོད།
སྔོན་ཆད་བོད་ཀྱིས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འོག་ནས་ཧོང་ཀོང་ལྟ་བུ་ཞིག་ཏུ་འགྱུར་ཐུབ་པའི་རེ་བ་རྒྱག་མྱོང་ན་ཡང་། ད་ལྟ་གནས་ཚུལ་ཡོངས་སུ་དེ་ལས་ལྡོག་ནས་ཧོང་ཀོང་བོད་ལྟ་བུར་འགྱུར་བཞིན་ཡོད། །
གསར་འགོད་པ་དཀོན་མཆོག་རབ་བརྟན།