རྒྱ་ནག་གིས་ཨ་རིར་རྒོལ་ལན་བསློགས་འདུག
ཉེ་ཆར་ཨ་རིས་རྒྱལ་ཁབ་དེའི་ནང་རྟེན་གཞི་བྱས་པའི་རྒྱ་ནག་གི་དོན་གཅོད་ཁང་ཞིག་སྒོ་རྒྱག་དགོས་པའི་བཀའ་བཏང་ཡོད་པ་ལྟར། རྒྱ་ནག་གིས་ཀྱང་ཨ་རིའི་དོན་གཅོད་ཁང་ཞིག་སྒོ་རྒྱག་དགོས་པའི་བཀའ་བཏང་ཡོད་འདུག འོན་ཀྱང་རྒྱ་ནག་གིས་ཕྱོགས་གཉིས་བར་གྱི་འབྲེལ་ལམ་ཡག་ཏུ་གཏོང་འདོད་ཡོད་པའི་རྣམ་འགྱུར་ཡང་བསྟན་འདུག
ཟླ་༧ པའི་ཚེས་༢༤ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། ཚེས་༢༢ ཉིན་ཨ་རིའི་གཞུང་གིས་རྒྱལ་ཁབ་དེའི་མངའ་སྡེ་ཀྲེག་སི་སེ་ནང་དུ་རྟེན་གཞི་བྱས་པའི་རྒྱ་ནག་གི་དོན་གཅོད་ཁང་དེ་ཉིན་གསུམ་ནང་ཚུད་དུ་སྒོ་རྒྱག་པ་དང་ལས་དོན་ཡོང་རྫོགས་མཚམས་འཇོག་བྱེད་དགོས་པའི་བཀའ་ཡོད་པ་དང་སྦྲགས། ཚེས་༢༤ ཉིན་རྒྱ་ནག་གཞུང་གིས་ཁྲིན་ཏུའུ་ལ་ཡོད་པའི་ཨ་རིའི་དོན་གཅོད་ཁང་སྒོ་རྒྱག་དགོས་པའི་བཀའ་བཏང་ཡོད་འདུག
རྒྱ་ནག་གི་ཕྱི་སྲིད་ལས་ཁུངས་ཀྱིས་སྤེལ་བའི་བསྒྲགས་གཏམ་ནང་། རྒྱ་ནག་ནང་དུ་ཡོད་པའི་ཨ་རིའི་གཞུང་ཚབ་པར་ཚེས་༢༤ ཉིན་གྱི་ཞོགས་པར། ཁྲིན་ཏུའུ་ལ་ཡོད་པའི་རྒྱ་ནག་དོན་གཅོད་ཁང་གི་ལས་དོན་གཉེར་བའི་ཆོག་མཆན་ཡིག་ཆ་ཕྱིར་འཐེན་བྱེད་རྒྱུ་ཡིན་པས། ལས་དོན་ཡོང་རྫོགས་མཚམས་འཇོག་དགོས་པའི་བཀའ་བཏང་ཡོད་པ་དང་། ཨ་རི་དང་རྒྱ་ནག་བར་གྱི་ད་ལྟའི་གནས་སྟངས་དེ་རྒྱ་ནག་གི་རེ་ལྟོས་ཤིག་མིན་ཁར། དེའི་འགན་ཡོང་རྫོགས་ཨ་རིར་ཡོད་པ། ཕྱོགས་གཉིས་བར་གྱི་འབྲེལ་ལམ་རྒྱུན་གཏན་དུ་བསྐྱར་ལོག་ཡོང་ཆེད། རྒྱ་ནག་གིས་བསྐྱར་དུ་ཨ་རི་ལ་རྒྱ་ནག་གི་དོན་གཅོད་ཁང་སྒོ་རྒྱག་དགོས་པའི་བཀའ་བཏང་བའི་ནོར་འཁྲུལ་ཅན་གྱི་ཐག་གཅོད་དེ་ཕྱིར་འཐེན་བྱེད་པའི་རེ་སྐུལ་བྱེད་ཀྱི་ཡོད་སྐོར་བསྒྲགས་འདུག
རྒྱ་ནག་གིས་བཀའ་རྒྱ་མ་བཏང་བའི་སྔོན་དུ། ཨ་རིའི་རྒྱ་ནག་དཔྱད་བརྗོད་པ་དང་གཞུང་ཚབ་ཟུར་པ་ཞིག་གིས་བརྒྱུད་ལམ་ཁག་ཏུ། ཉེ་ཆར་ཨ་རི་གཞུང་གིས་བོད་ནང་དུ་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་མཁན་གྱི་རྒྱ་ནག་གི་དཔོན་རིགས་ཁག་ཅིག་ལ་ཉེས་ཆད་བཏང་ཡོད་པ་དང་། དེའི་ཐོག་ཁྲིན་ཏུའུ་དོན་གཅོད་ཁང་དེ་བོད་ཀྱི་ས་ཁུལ་དང་ཉེ་བོ་ཡོད་པས་གལ་ཆེན་ཞིག་ཆགས་ཡོད་རྐྱེན། ཕལ་ཆེར་རྒྱ་ནག་གིས་རྒོལ་ལན་དུ་ཁྲིན་ཏུའུ་དོན་གཅོད་ཁང་དེ་སྒོ་རྒྱག་སྲིད་སྐོར་བརྗོད་ཡོད་འདུག
རྒྱ་ནག་གི་གྲོང་ཁྱེར་ཝུ་ཧན་ནང་དུ་ཡོད་པའི་ཨ་རིའི་དོན་གཅོད་ཁང་དེ་ཏོག་དབྱིབས་ནད་དུག་ཁྱབ་བརྡལ་རྐྱེན་པས་ཟླ་ཤས་སྔོན་ནས་སྒོ་བརྒྱབ་ཡོད་འདུག་པ་དང་། ད་ལྟའི་ཆར་རྒྱ་ནག་གིས་ཨ་རིའི་ཕྱིར་ལས་དོན་མགོ་འཛུགས་བྱེད་པར་ཡོང་ཚེ། ཏོག་དབྱིབས་ནད་དུག་ཡོད་མེད་བརྟག་དཔྱད་བྱེད་དགོས་པའི་བཀའ་བཏང་རྐྱེན། བརྟག་དཔྱད་དེའི་སྐབས་སུ་ལས་བྱེད་ཚོའི་རིགས་རྫས་(DNA)དེ་རྒྱ་ནག་གཞུང་གིས་བེད་ལོག་བྱེད་སྲིད་པས་ཉེན་ཁ་ལ་བརྟེན་ནས། ལས་དོན་མགོ་འཛུགས་བྱེད་ཐུབ་མི་འདུག་པས། རྒྱ་ནག་ནང་དུ་ཡོད་པའི་ཨ་རིའི་ལས་དོན་ཁང་གཉིས་ཀྱིས་ལས་དོན་བྱེད་རྒྱུ་མེད་པ་ཆགས་ཉེན་ཡོད་འདུག
ཨ་རིའི་སྲིད་འཛིན་ཊོམ་གྱིས་ཨ་རིའི་ནང་དུ་རྒྱ་ནག་གི་ལས་དོན་ཁང་འཕར་མ་ཁག་ཅིག་སྒོ་རྒྱག་སྲིད་སྐོར་བརྗོད་འདུག་པ་དང་། ཨ་རིའི་གསང་བའི་ལས་ཁུངས་ཁག་ཅིག་གིས་རྒྱ་ནག་གི་དོན་གཅོད་ཁང་ཁག་གིས་གསང་མྱུལ་ལས་དོན་སྤེལ་གྱི་ཡོད་པའི་ཉེས་འཛུགས་བྱས་ཡོད་འདུག །
གསར་འགོད་པ་སྐལ་བཟང་དོན་གྲུབ།
