རྒྱ་ནག་གིས་ཨུ་རུ་སུའི་མངོན་འདོད་ལ་རྒྱབ་སྐྱོར་བྱ་རྒྱུ་ཡིན་ཞེས་བརྗོད་འདུག

ཁ་སང་གཟའ་ལྷག་པའི་ཉིན་ཨུ་རུ་སུའི་སྲིད་བློན་རྒྱ་ནག་གི་པེ་ཅིང་ལ་ཡོང་ནས་ཞིན་ཅིང་ཕིང་ཐུག་འཕྲད་བྱས་ཡོད་འདུག་ལ། སྐབས་དེར་ཞིན་ཅིང་ཕིང་གིས་ནུབ་ཕྱོགས་རྒྱལ་ཁབ་ཀྱིས་སྐྱོན་བརྗོད་བྱེད་མིན་ལ་མ་ལྟོས་པར་ཨུ་རུ་སུའི་མངོན་འདོད་ལ་རྒྱབ་སྐྱོར་བྱེད་རྒྱུ་ཡིན་ཞེས་བཤད་འདུག

ཕྱི་ཟླ་༥ཚེས༢༤ གཟའ་ལྷག་པའི་ཉིན་ནུབ་ཕྱོགས་རྒྱལ་ཁབ་དག་གིས་རྒྱ་ནག་གིས་ཨུ་རུ་སུ་ལ་འབྲེལ་བ་བྱེད་རྒྱུར་བཀག་སྡོམ་བྱས་མིན་ལ་མ་ལྟོས་པར། ཨུ་རུ་སུའི་སྲིད་བློན་མེ་ཀི་ཧེ་མ་ཤོག་སོ་ཏར( Mikhail Mishustin) རྒྱ་ནག་གི་རྒྱལ་ས་པེ་ཅིང་ལ་ཡོང་ནས་རྒྱ་ནག་གི་སྲིད་འཛིན་ཞིན་ཅིང་ཕིང་དང་ཐུག་འཕྲད་བྱས་ཡོད་འདུག ཁོང་གཉིས་ཐུག་འཕྲད་སྐབས་ཞིན་ཅིང་ཕིང་གིས་ཨུ་རུ་སུའི་མངོན་འདོད་ལ་རྒྱབ་སྐྱོར་བྱེད་རྒྱུ་ཡིན་ཞེས་ནན་བརྗོད་བྱས་འདུག་པ་དང་། ཁོས་གཏམ་བཤད་བྱས་པའི་ཡིག་ཆ་གསར་འགྱུར་བརྒྱུད་ལམ་ཁག་ནང་ཐོན་གསལ་ལ། ཞིན་ཅིང་ཕིང་གིས་རྒྱལ་ཁབ་གཉིས་ཕན་ཚུན་གཅིག་གིས་གཅིག་ལ་རྒྱབ་སྐྱོར་བྱས་ནས་རྒྱལ་ཁབ་སོ་སོའི་མངོན་འདོད་སྒྲུབ་ཐབས་བྱེད་རྒྱུ་ཡིན་ཞེས་བརྗོད་ཡོད་འདུག

ཨུ་རུ་སུའི་སྲིད་བློན་རྒྱ་ནག་ལ་ལྟ་སྐོར་ཡོང་བ་ནི་ཨུ་རུ་སུས་ཡུག་རན་ནང་དམག་བརྒྱབས་པ་ནས་བཟུང་ད་བར་འགོ་ཁྲིད་མཐོ་ཤོས་ཤིག་རྒྱ་ནག་ལ་ཡོང་བ་ཐེངས་དང་པོ་ཡིན་འདུག དེ་རྗེས་ཨུ་རུ་སུའི་སྲིད་བློན་གྱིས་བརྗོད་དོན་ལ་ད་ཆར་ཨུ་རུ་སུ་དང་རྒྱ་ནག་བར་གྱི་འབྲེལ་བ་སྔར་ལས་ཇེ་ཡག་ཏུ་ཕྱིན་ཡོད་པ་དང། མ་འོངས་པར་ཨུ་རུ་སུ་དང་ཡུག་རན་བར་གྱི་དམག་འཁྲུག་དེ་མཚམས་བཞག་རྗེས་རྒྱ་ནག་དང་ཨུ་རུ་སུའི་བར་ཨ་སྒོར་ཐེར་འབུམ་༢༠༠ ཡི་ཚོང་འབྲེལ་བྱེད་རྒྱུའི་འཆར་གཞི་ཡོད་ཚུལ་བརྗོད་འདུག 

ད་ཆར་དམག་འཁྲུག་དེ་ཡིས་ཨུ་རུ་སུའི་དཔྱལ་འབྱོར་ཉམས་རྒུད་ཆེན་པོ་གཏོང་བཞིན་པ་དང། ཨུ་རུ་སུའི་དཔལ་འབྱོར་རྒྱ་ནག་ལ་མ་བརྟེན་རང་བརྟེན་ཆགས་བཞིན་ཡོད་པས། ཨུ་རུ་སུ་ཡིས་ནུབ་ཕྱོགས་རྒྱལ་ཁབ་དག་གིས་དཔལ་འབྱོར་ཉེས་ཆད་བཅད་མིན་ལ་མ་ལྟོས་པར། ཨེ་ཤི་ཡའི་ནང་ཨུ་རུ་སུས་སྣུམ་ཕོན་ཆེན་འཚོང་བཞིན་པ་དང། དམིགས་བསལ་རྒྱ་གར་དང་རྒྱ་ནག་གཉིས་ལ་སྣུམ་ཕོན་ཆེན་བཙོངས་ནས་ཨུ་རུ་སུའི་དཔལ་འབྱོར་བསྐྱར་གསོ་བྱེད་ཐབས་བྱེད་བཞིན་ཡོད་འདུག ད་དུང་ཨུ་རུ་སུའི་སྲིད་བློན་གྱིས་བརྗོད་དོན་ལ་རྒྱ་ནག་ནི་ང་ཚོའི་མཐུན་གྲོགས་ཡིན་པ་དང། ནུབ་ཕྱོགས་རྒྱལ་ཁབ་ཚོས་ཁྲིམས་འགལ་གྱིས་ཨུ་རུ་སུ་ལ་དཔལ་འབྱོར་ཉེས་ཆད་བཅད་པ་དག་གདོང་ལེན་བྱེད་རྒྱུ་ཡིན་ཚུལ་བརྗོད་འདུག 

ཨུ་རུ་སུ་དང་རྒྱ་ནག་བར་ཐུན་མོང་ཐོག་ནས་ཚོང་འབྲེལ་གྱི་གྲོས་མཐུན་དུ་མ་ཞིག་བཞག་ཡོད་འདུག་པ་ལས། གཅིག་ནི་དཔལ་འབྱོར་གྱི་མ་རྩ་ཆེན་པོ་ཞིག་འཛུགས་རྒྱུ་དང། གཞན་ཞིག་ནི་ཨུ་རུ་སུ་ནས་རྒྱ་ནག་ནང་འབྲུ་རིགས་ནང་འདྲེན་བྱེད་རྒྱུའི་གྲོས་མཐུན་ཡིན་འདུག ཨུ་རུ་སུ་ཡིས་ཡུག་རན་ནང་དམག་འཁྲུག་རྒྱག་འགོ་བཙུགས་པ་ནས་བཟུང་རྒྱ་ནག་དང་ཨུ་རུ་སུའི་བར་ཚོང་འབྲེལ་ཇེ་མང་དུ་ཕྱིན་ཡོད་པ་དང་།  ༢༠༢༣ ལོའི་ནང་ཨུ་རུ་སུ་ནས་རྒྱ་ནག་ལ་སྣུམ་སོགས་བཙོངས་པའི་ཚད་གཞི་ནི་བརྒྱ་ཆ་༤༠ ཟིན་རྒྱུ་ཡོད་པའི་ཚོད་དཔག་བྱེད་བཞིན་འདུག དེ་བཞིན་རྒྱ་ནག་གིས་ཨུ་རུ་སུ་ལ་དངོས་ཟོག་ཕྱིར་ཚོང་བྱེད་བཞིན་པའི་བརྒྱ་ཆ་༡༥༣ ཡིན་པ་དང། ཨ་སྒོར་ཐེར་འབུམ་༩.༦ ཡིན་འདུག 

གནད་དོན་གཞན་ནི་རྒྱ་ནག་གིས་ད་ཆར་ཡོ་རོབ་དང་ལྷན་དུ་ཚོང་འབྲེལ་ཇེ་ཆེར་གཏོང་བཞིན་ཡོད་པ་དང། ཉེ་ཆར་ཞིན་ཅིང་ཕིང་གིས་སྐུ་ཚབ་གཅིག་ཡུན་རན་དང་ཡོ་རོབ་རྒྱལ་ཁབ་ཁག་ནང་ལྟ་སྐོར་བཏང་ཡོད་འདུག དེ་བཞིན་དཀྱིལ་ཤར་ཡུལ་གྲུ་ཁག་གི་རྒྱལ་ཁབ་རྣམས་དང་ལྷན་དུ་ཉེ་ཆར་ལྷན་ཚོགས་ཤིག་ཀྱང་འཚོགས་ཡོད་འདུག།

གསར་འགོད་པ། བསོད་ནམས་ཕུན་ཚོགས།