རྒྱ་ནག་དང་རྒྱལ་སྤྱིའི་ཆབ་སྲིད་འགྱུར་ལྡོག་ཁྲོད་རེ་བ་དང་གདོང་ལེན་ཞེས་པའི་དཔེ་དེབ་དབུ་འབྱེད།
ཟླ་འདིའི་ཚེས་༥ ཉིན་གྱི་སྔ་དྲོ་ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མ་དབུ་བཞུགས་ཐོག་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གིས་རྒྱ་ནག་དང་རྒྱལ་སྤྱིའི་ཆབ་སྲིད་འགྱུར་ལྡོག རེ་བ་དང་གདོང་ལེན། ཞེས་པའི་དཔྱད་རྩོམ་ཕྱོགས་བསྒྲིགས་ཀྱི་རྒྱ་ཡིག་དཔེ་དེབ་ཅིག་དབུ་འབྱེད་གནང་སོང་།

སྐབས་དེར་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་ཟླ་བ་ཚེ་རིང་གིས་ལོ་འདིའི་ཕྱི་ཟླ་༦ པའི་ནང་ཐའེ་ཝན་དང་། ཧོང་ཀོང་། ཡུ་གུར། ལྷོ་སོག མན་ཇུ་སོགས་ནས་གསར་འགོད་པ་དང་རྩོམ་པ་པོ། ལས་འགུལ་བ་སོགས་གདན་དྲངས་ནས་རྒྱ་ནག་ལ་གདོང་ལེན་ཇི་ལྟར་བྱེད་དགོས་མིན་དང་རང་དབང་རྩོད་མཁན་རྣམས་ཀྱིས་མཉམ་རུབ་ཇི་ལྟར་བྱེད་དགོས་མིན་ཐོག་ལ་ཚོགས་འདུ་ཞིག་ཚོགས་ཡོད་པ་དང་། སྐབས་དེར་ཚོགས་བཅར་བ་ཚོས་དཔྱད་རྩོམ་བྲིས་པ་དག་ཕྱོགས་བསྒྲིགས་བྱས་པ་ཞིག་ཆགས་ཡོད་པ་རེད་ཅེས་གསུངས་སོང་།
དེ་བཞིན་ཉམས་ཞིབ་པ་རིག་སྨོན་ཚེ་རིང་བསམ་གྲུབ་ཀྱིས་དཔྱད་རྩོམ་ཕྱོགས་བསྒྲིགས་ཀྱི་དེབ་ནང་རྒྱ་ཡིག་ཐོག་གི་དཔྱད་རྩོམ་༡༦་དང་དབྱིན་ཡིག་ནང་གི་དཔྱད་རྩོམ་༣ དང་ཀོ་རི་ཡའི་སྐད་ཡིག་ཐོག་གི་དཔྱད་རྩོམ་གཅིག་བཅས་ཁྱོན་བསྡོམས་དཔྱད་རྩོམ་༢༠ ཡོད་པ་དང་རྩོམ་པ་པོ་མང་པོ་ནི་མིང་གྲགས་ཡོད་མཁན་ཡིན་པས་དཔྱད་རྩོམ་མང་ཆེ་བ་ནི་སྤུས་ཀ་དག་པོ་འདུག་ཅེས་གསུངས་སོང་།
གཞན་ཡང་དེ་རིང་དཔེ་དེབ་དབུ་འབྱེད་གནང་མཁན་ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མས་རྒྱ་ནག་འོག་སྡུག་སྦྱོང་མྱོང་བཞིན་པའི་མི་རིགས་དང་རྒྱལ་ཁབ་འདྲ་མིན་ནས་ཚོགས་བཅར་བ་བསྡུས་ནས་ཚོགས་འདུ་གལ་ཆེན་ཞིག་ཚོགས་ཡོད་པ་དང་། ཚོགས་ཐོག་ཏུ་བགྲོ་གླེང་དང་གཏམ་བཤད་གང་གནང་བ་དག་ཕྱོགས་བསྒྲིགས་ཞུས་འདུག་པས། ཚོགས་འདུ་ཚོགས་རྒྱུ་ཙམ་མ་ཟད་མཇུག་འཁྱོངས་གནང་རྒྱུ་ཡང་གལ་ཆེན་ཡིན་པ་དང་། ང་ཚོའི་མཐར་ཐུག་གི་དམིགས་ཡུལ་མི་འདྲ་བ་ཡོད་ནའང་འཐབ་རྩོད་བྱ་ཡུལ་གཅིག་པ་ཡིན་པའི་དབང་གིས་མཉམ་རུབ་ཀྱི་ནུས་པ་གལ་ཆེན་པོ་ཡིན་པ་མ་ཟད། ཚོགས་ཆེན་དང་། རྩོམ་སོགས་གལ་ཆེན་པོ་ཆགས་ཀྱི་ཡོད་པར་བརྟེན་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་གཙོས་པའི་ལས་བྱེད་ཡོངས་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་གསུང་བཤད་གནང་སོང་།
གསར་འགོད་པ། བློ་བཟང་རྒྱ་མཚོ།