རྒྱ་ནག་དམར་ཤོག་གི་ཚོགས་མི་ས་ཡ་༢ ལ་ཉེ་བ་ཞིག་གི་གསང་བའི་གནས་ཚུལ་ཕྱི་ལ་ཤོར་འདུག 

འཛམ་གླིང་མི་མང་གི་མིག་ལམ་དུ་རྒྱ་ནག་གི་སྣང་བརྙན་ཉིན་རེ་བཞིན་སྡུག་ཏུ་འགྱུར་བཞིན་པའི་སྐབས་འདིར། ཨ་རི་དང་དབྱིན་ཇིས་གཙོས་པའི་ཕྱིའི་རྒྱལ་ཁབ་དང་བཟོ་ཚོང་ཁང་རྣམས་ཀྱི་ནང་དུ་གསང་བའི་ལས་དོན་སྒྲུབ་བཞིན་པའི་དམར་ཤོག་ཚོགས་པའི་ཚོགས་མི་ས་ཡ་༢ མ་ཟིན་ཙམ་གྱི་གསང་བའི་གནས་ཚུལ་ཕྱི་ལ་ཤོར་ཞིང་། དེ་ནི་ད་བར་དུ་“ཕྱི་ལ་ཤོར་མྱོང་མེད་པའི་གསང་བའི་གནས་ཚུལ་ཆེན་པོ་ཞིག་”ཆགས་ཡོད་འདུག 

ཕྱི་ཟླ་༡༢ ཚེས་༡༣ རེས་གཟའ་ཉི་མའི་ཉིན་ཨོ་སི་ཁྲུ་ལི་ཡའི་ནམ་མཁའི་གསར་འགྱུར་ཁང་(Sky News) ནས་གནས་ཚུལ་སྤེལ་བ་ལྟར་ན། འཛམ་གླིང་གི་རྒྱལ་ཁབ་གང་སར་དང་ལས་གནས་སྣ་ཚོགས་ནང་ལས་དོན་སྒྲུབ་བཞིན་པའི་རྒྱ་ནག་དམར་ཤོག་ཚོགས་པའི་ཚོགས་མི་ས་ཡ་༢ ལ་ཉེ་བ་ཞིག་གི་གསང་བའི་གནས་ཚུལ་འཁོད་པའི་གཞུང་འབྲེལ་ཡིག་ཆ་ཞིག་ཕྱི་ལ་ཤོར་འདུག་པ་དང་། ཡིག་ཆ་དེའི་ནང་ཚོགས་མི་དེ་དག་གི་མིང་དང་། གོ་གནས། སྐྱེ་ལོ་སྐྱེ་ཚེས། རྒྱལ་ཁབ་ཀྱི་ངོས་འཛིན་ཨང་གྲངས། མི་རིགས་བཅས་འཁོད་པ་མ་ཟད། འགའ་ཤས་ཀྱི་ཁ་པར་ཨང་གྲངས་ཀྱང་ཡོད་འདུག 

ཨོ་སི་ཁྲུ་ལི་ཡའི་གསར་ཁང་དེས་སྤེལ་བའི་གནས་ཚུལ་ལྟར་ན། གཞུང་འབྲེལ་ཡིག་ཆ་དེས་“སྲིད་འཛིན་ཞི་ཅིན་ཕིང་གི་འོག་ཏུ་དམར་ཤོག་ཚོགས་པས་ལས་དོན་བྱེད་ཚུལ་སྟོན་པ་”མ་ཟད། “འཛམ་གླིང་གི་བཟོ་ཚོང་ཆེ་ཤོས་འགའ་དང་། ཐ་ན་གཞུང་གི་ལས་ཁུངས་དག་གི་ནང་དུའང་དམར་ཤོག་ཚོགས་པའི་ཡན་ལག་འདྲེས་ནས་ཡོད་པ་གསལ་རྗེན་དུ་སྟོན་གྱི་ཡོད་”འདུག 

གནས་ཚུལ་དེ་དང་འབྲེལ་བའི་ཐད་ལ་གསར་ཁང་དེའི་མདོ་འཛིན་པ་ཤཱ་རི-མར་ཁི་སོན་(Sharri Markson) གྱིས་བརྗོད་དོན། “ནུབ་ཕྱོགས་པའི་བཟོ་ཚོང་ཁང་རྣམས་ཀྱི་ནང་དུ་དམར་ཤོག་ཚོགས་པའི་ཡན་ཡག་བཙུགས་ནས་ཚོགས་མི་ཚོས་བཟོ་ཚོང་ཁང་དེ་དག་གི་གསང་བ་རྐུ་འཁྱེར་བྱེད་པའི་ཐོག གལ་སྲིད་དགོས་གལ་བྱུང་ན། ཚོགས་མི་དེ་དག་གིས་ཐད་ཀར་དམར་ཤོག་ཚོགས་པ་དང་། སྲིད་འཛིན་རང་ལ་འབྲེལ་གཏུག་བྱེད་ཆོག་འདུག”

གསང་བའི་ཡིག་ཆ་དེའི་ནང་། “དམར་ཤོག་ཚོགས་པའི་ཚོགས་མི་ས་ཡ་༡.༩༥ གསང་བའི་གནས་ཚུལ་དང་ལྷན་དུ། དམར་ཤོག་ཚོགས་པའི་ཡན་ཡག་༧༩,༠༠༠ ཡི་ཞིབ་ཕྲའི་གནས་ཚུལ་ཡང་ཡོད་”འདུག་པ་དང་། ཡན་ལག་དེ་དག་མང་པོ་ཞིག་འཛམ་གླིང་གི་བཟོ་ཚོང་ཁང་ཆེ་ཤོས་ནང་དུ་ཡོད་འདུག 

དམར་ཤོག་གི་ཚོགས་མི་དང་ཚོགས་མི་རྣམས་ཀྱི་གསང་བའི་ལས་དོན་སྒྲུབ་ཕྱོགས་སྐོར་གྱི་གསང་བ་ཆེན་པོ་དེ་ཕྱི་ལ་ཤོར་བས། རྒྱ་ནག་དང་རྒྱ་ནག་གི་འགོ་ཁྲིད་ཞི་ཅིན་ཕིང་ལ་ངོ་ཚ་ཆེན་པོ་ཞིག་ཆགས་ཡོད་པ་མ་ཟད། འབྲེལ་ཡོད་རྒྱལ་ཁབ་ཁག་དང་བཟོ་ཚོང་ཁང་རྣམས་ཀྱིས་རྒྱ་ནག་ལ་སྔར་བས་ཀྱང་ལྷག་པའི་དོགས་ཟོན་དང་། ཁ་གཏད་གཅོག་དགོས་པ་གལ་གནད་མཐོང་བའི་རྒྱུ་མཚན་གསར་པ་ཞིག་མཁོ་སྤྲོད་བྱས་ཡོད་འདུག ། 

གསར་འགོད་པ་དཀོན་མཆོག་རབ་བརྟན།