རྒྱ་ནག་ནང་མི་ཁྲི་ཡི་སྡོད་གནས་སྤོ་དགོས་བྱུང་འདུག

རྒྱ་ནག་ནང་ཆུ་ལོག་གི་དཀའ་ངལ་ཁྲོད་མི་གྲངས་ཁྲི་༡ ལྷག་གི་སྡོད་གནས་སྤོ་དགོས་བྱུང་ཡོད་པ་མ་ཟད། ཁང་པ་དང་གཞུང་ལམ་སོགས་ལ་གཏོར་བཅོམ་ཐེབས་འདུག

ཟླ་འདིའི་ཚེས་༣ ཉིན་(AP) གསར་འགྱུར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། རྒྱ་ནག་གི་ཧོས་ནན་(Hunan) ཞིང་ཆེན་ནང་ཆུ་ལོག་གི་རྐྱེན་པས་ད་བར་མི་གྲངས་ཁྲི་༡ ལྷག་ས་གནས་གཞན་དུ་སྤོ་དགོས་པ་ཆགས་ཡོད་པ་མ་ཟད། ཁང་པ་༧༠ ཡས་མས་རྡིབ་ཡོད་པ་དང་ཞིང་ཁ་མང་པོ་ཆུ་ལོག་གིས་བསྣུབས་ཡོད་འདུག ད་བར་གྱོང་གུད་ཚོད་དཔག་བྱས་ན་ཉུང་མཐར་རྒྱ་སྒོར་ས་ཡ་༥༧༥ ཟིན་ཡོད་འདུག

གཞན་ཡང་རྒྱ་ནག་གི་ཧྲན་ཞི་(Shanxi) ཞིང་ཆེན་གྱི་བྱང་ཕྱོགས་ཀྲེན་པ་(Zhenba) ཞེས་པའི་རྫོང་ལ་ཡང་ཆུ་ལོག་གི་དཀའ་ངལ་འཕྲད་བཞིན་ཡོད་པ་དང་། ས་གནས་དབང་འཛིན་པ་ཚོས་བརྗོད་གསལ་ལྟར་ན། འདས་པའི་ལོ་ངོ་ལྔ་བཅུའི་རིང་ཆུ་ལོག་གིས་ཁང་པ་དང་གཞུང་ལམ་ལ་གཏོར་སྐྱོན་ཕོག་པ་ད་ཐེངས་འཚབ་ཆེ་ཤོས་དེ་ཆགས་ཡོད་འདུག

 གནམ་གཤིས་སྔོན་བརྡ་ལ་ལྟར་ན། མ་འོངས་ཉིན་འགའི་ནང་བརླན་གཤེར་ཆེ་བའི་ལྷོ་ཕྱོགས་ས་ཁུལ་ཁག་གཙོས་རྒྱ་ནག་གི་སྐམ་སའི་རྒྱ་ཁྱོན་གྱི་ཕྱེད་ཀ་ཡས་མས་སུ་ཆར་པ་ཆེན་པོ་འབབ་རྒྱུ་རེད་འདུག

ཟླ་འདིའི་ཚེས་༣ ཉིན་(The Guardian) གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། རྒྱ་ནག་གི་ཡུན་ནན་ཞིང་ཆེན་དང་ཧྲན་ཞི་ཞིང་ཆེན། གཞན་ཡང་རྒྱ་ནག་གི་གྲོང་ཁྱེར་ཆེ་ཤོས་བཞི་ལས་ཁྲུང་ཆིན་(Chongqing) བཅས་ས་ཁུལ་གསུམ་ལ་ཆུ་ལོག་གི་གོད་ཆག་བྱུང་ཡོད་པའི་གནས་ཚུལ་སྤེལ་འདུག རྒྱ་ནག་གི་ཉེ་རབས་ལོ་རྒྱུས་ཁྲོད་ཆུ་ལོག་གི་གོད་ཆག་ཆེ་ཤོས་དེ་ཕྱི་ལོ་༡༩༩༨ ལོར་བྱུང་ཡོད་འདུག་ལ། སྐབས་དེ་མི་གྲངས་༤༡༥༠ ཡི་ཚེ་སྲོག་ཤོར་ཡོད་འདུག

འདས་པའི་བདུན་ཕྲག་གཅིག་གི་སྔོན་དུ་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ་ལྟར་ན། རྒྱ་ནག་གི་རྒྱལ་ས་པེ་ཅིན་དུ་ཚ་དྲོད་གྲངས་(41.8 C) བར་འཕར་ཡོད་པ་དང་། རྒྱ་ནག་གི་གྲོང་ཁྱེར་ཐེན་ཇིན་ནང་མི་མང་གིས་གྲང་གློག་གཏོང་རྒྱུ་ལོ་སྔོན་མ་ལས་བརྒྱ་ཆ་༢༣% མང་དུ་ཕྱིན་པ་སོགས་ཀྱི་གནས་ཚུལ་ཐོན་ཡོད་འདུག ལྷག་པར་དུ་རྒྱ་ནག་གཞུང་གིས་ཟླ་བ་སྔོན་མའི་ཚེས་༢༢ ཉིན་ནི་ཕྱི་ལོ་༡༩༦༡ ནས་བཟུང་ད་བར་གནམ་གཤིས་ཚ་དྲོད་ཆེ་ཤོས་ཀྱི་ཉིན་མོ་ཞིག་རེད་ཅེས་བརྗོད་ཡོད་འདུག

ད་ལྟའི་ཆར་རྒྱ་ནག་གི་ས་ཁུལ་ཁ་ཤས་ལ་ཆུ་ལོག་གི་གོད་ཆག་བྱུང་ཡོད་པ་དང་ས་ཁུལ་ཁ་ཤས་ལ་ཚ་དྲོད་ཆེ་བའི་དཀའ་ངལ་སོགས་མང་དག་ཅིག་འཕྲད་བཞིན་ཡོད་པའི་གནས་ཚུལ་ཐོན་འདུག།

གསར་འགོད་པ། བློ་བཟང་རྒྱ་མཚོ།