རྒྱ་ནག་ནང་རང་དབང་མེད་པའི་རྐྱེན་གྱིས་མགྲོན་འབོད་བྱེད་མཁན་མང་པོ་ཡོད་ཀྱང་། ཕེབས་འདོད་མེད་ཅེས་གསུངས་འདུག 

དགའ་ལྡན་ཕོ་བྲང་གི་དྲྭ་བའི་པར།

ཟླ་བ་འདིའི་ཚེས་༡༢ ཉིན་༧གོང་ས་མཆོག་ལ་དྭགས་སུ་ཞབས་སོར་འཁོད་དེ་ད་ལྟ་ལ་དྭགས་ཀྱི་ཞི་བའི་ཚལ་ཕོ་བྲང་ནང་བཞུགས་ཡོད་པ་དང་། རིན་པོ་ཆེ་ནས་གསུངས་དོན། རྒྱ་ནག་ནང་དུ་ཡོད་པའི་ནང་པ་ཚོས་ཁོང་ལ་མགྲོན་ཤོག་ཐེངས་མང་བཏང་ཡོད་ཀྱང་། རྒྱ་ནག་ནང་རང་དབང་མེད་པའི་རྐྱེན་གྱིས་ཁོང་རྒྱ་ནག་ནང་ཕེབས་འདོད་མེད་ཅེས་གསུངས་འདུག 

ཕྱི་ཚེས་༡༣ ཉིན་རྒྱ་གར་གྱི་(Hindustan Times)གསར་ཁང་ནས་གནས་ཚུལ་སྤེལ་གསལ་ལྟར་ན། ད་ལྟ་༧གོང་ས་མཆོག་རྒྱ་གར་བྱང་ཕྱོགས་ལ་དྭགས་ཞི་བའི་ཚལ་དུ་བཞུགས་ཡོད་པ་དང་། བདུན་ཕྲག་སྔོན་མའི་གཟའ་སྤེན་པའི་ཉིན་ཕོ་བྲང་དགེ་འཕེལ་གླིང་དུ་ཕེབས་བསུའི་མཛད་སྒོའི་ཐོག་བཀའ་སློབ་གནང་སྐབས། རིན་པོ་ཆེ་ནས་ཁོང་ལ་རྒྱ་ནག་ནས་མགྲོན་འབོད་ཞུ་མཁན་མང་པོ་འདུག་ཀྱང་། རྒྱ་ནག་ནང་རང་དབང་མེད་པར་བརྟེན། ཁོང་རྒྱ་ནག་ནང་ཕེབས་ནས་ནང་ཆོས་འཆད་ཁྲིད་གནང་རྒྱུ་ཁག་པོ་རེད་འདུག་པས། ཁོང་ཕེབས་འདོད་མི་འདུག དེ་ལས་རྒྱ་གར་ནང་བཞུགས་ནས་ནང་ཆོས་འཆད་ཁྲིད་གནང་ན་ཕན་ཐོགས་ཆེ་བ་འདུག་ཅེས་གསུངས་གནང་འདུག་ལ། རྒྱ་ནག་ནང་ད་ཆར་ཆབ་སྲིད་བརྟན་པོ་མེད་འདུག་ཀྱང་། ནང་ཆོས་ལ་དོ་སྣང་བྱེད་མཁན་སྔར་ལས་ཇེ་མང་རེད་འདུག་ཅེས་གསུངས་གནང་འདུག དེ་བཞིན་ཉེ་ཆར་༧གོང་ས་མཆོག་བཞུགས་སྒར་རྡ་རམ་ས་ལ་ཆར་དུས་ཀྱི་དུས་སྐབས་སུ། མཁའ་ལམ་བརྒྱུད་ནས་ལ་དྭགས་སུ་གནམ་གཤིས་སྐམ་སར་ཕེབས་ཡོད་པ་དང་། ཁོང་ནས་བོད་ནང་དུ་རྒྱ་ནག་གཞུང་གིས་བོད་ཀྱི་ནང་བསྟན་ཆོས་ལུགས་དང་། རིག་གཞུང་ལ་བཀག་འགོག་ཤུགས་ཆེན་པོ་བྱེད་ཀྱི་ཡོད་པས། ཧི་མ་ལ་ཡའི་ས་ཁུལ་ནས་རང་གི་རིག་གཞུང་དང་ནང་ཆོས་ཐོག་མཁས་པ་དང་། རྒྱུན་འཛིན་གནང་མཁན་གང་མང་ཡོང་དགོས་པའི་སྐོར་བཀའ་སློབ་སྩལ་གནང་ཡོད་འདུག 

དེ་བཞིན་ཁོང་གིས་ཕྱི་ལོ་༡༩༥༩ ལོར་བོད་ནང་ཞི་བའི་སྒེར་ལངས་བྱུང་དུས་རྒྱ་ནག་གིས་བོད་མིའི་ཐོག་དྲག་གནོན་ཆེན་པོ་བྱས་པའི་རྐྱེན་གྱིས་ཁོང་བོད་ནང་བཞུགས་ཐུབ་མེད་ཀྱང་། རྒྱ་གར་གཞུང་ནས་ཁོང་དང་བོད་མི་ཚོར་ལ་རྒྱབ་སྐྱོར་ཆེན་པོའི་ཐོག་ནས་རོགས་རམ་གནང་ཡོད་པའི་སྐོར་དང་། བོད་ནང་རིག་གཞུང་རྩ་ཆེན་འདི་འདྲ་ཞིག་རྒྱུན་འཛིན་དང་འཆད་ཁྲིད་གནང་སའི་འཁོར་ཡུག་མེད་ཀྱང་། རྒྱ་གར་ནང་ད་ཆར་སྔར་ལས་ལྷག་པའི་དར་སྤེལ་དང་རྒྱུན་འཛིན་བྱེད་ཀྱི་ཡོད་པའི་སྐོར་གསུངས་གནང་འདུག 

ད་དུང་ཁོང་གིས་རིག་གཞུང་རྩ་ཆེན་འདི་འདྲ་ཞིག་རང་གི་སློབ་སྦྱོང་བྱེད། དུས་རྒྱུན་དུ་ནས་ཉམས་ལེན་བྱེད་རྒྱུ་བོད་ནང་རང་དབང་དང་གོ་སྐབས་མེད། འོན་ཀྱང་། རྒྱ་གར་ནང་རང་དབང་ཆ་ཚང་ཡོད་པར་བརྟེན་བོད་ནས་རྒྱ་གར་ལ་ཡོང་མཁན་ཚོར་འགན་ཆེན་པོ་ཡོད། ང་ཚོས་ཐབས་ཤེས་ཡོད་ཚད་བཏོན་ནས་བོད་ཀྱི་རིག་གཞུང་སྲུང་སྐྱོབ་དང་དར་སྤེལ་གཏོང་དགོས་པའི་སྐོར་གསུངས་གནང་འདུག དེ་བཞིན་རིན་པོ་ཆེ་ཁོང་ནོར་བུ་གླིང་ཁ་ནས་རྒྱ་གར་ལ་ཐོག་མར་བྲོས་ཡོང་དུས་ཁོང་གི་སེམས་ལ་འཇིགས་སྣང་གི་ཁྲོད་ནས་རྒྱ་གར་ལ་ཕེབས་ཐུབ་ཡོད་ཀྱང་། བོད་པ་མང་པོ་ཞིག་རྒྱ་ནག་གི་དབང་འོག་ཏུ་ལྷག་ཡོད་པ་དག་དྲན་དུས། ཁོང་གི་སེམས་ལ་ཧ་ཅང་སྐྱོ་སྣང་དང་བློ་ཕམ་ཚད་མེད་བྱུང་ཞེས་གསུངས་གནང་འདུག་ལ། འོན་ཀྱང་། བློ་ཕམ་དང་སེམས་སྡུག་བྱས་ན་ཕན་ཐོགས་མེད་པར་བརྟེན། ཁོང་ནས་བོད་དང་རྒྱ་གར་གཉིས་ཀྱི་ས་མཚམས་སུ་འབྱོར་དུས་མ་འོངས་པར་ཐབས་ཤེས་ཡོད་ཚད་བཏོན་ནས་བོད་ཀྱི་ཆོས་དང་རིག་གཞུང་མི་ཉམས་རྒྱུན་འཛིན་བྱེད་རྒྱུའི་དམ་བཅའ་བརྟན་པོ་བཞག་ཡོད་པས། ད་ཆར་བོད་པའི་རིག་གཞུང་གང་འཚམ་བདག་པོ་ཡག་པོ་རྒྱག་ཐུབ་ཡོད་ཅེས་གསུངས་གནང་འདུག 

དེ་རིང་ཚེས་༡༥ ཉིན་༧གོང་ས་མཆོག་ནས་ལ་དྭགས་ཞི་བའི་ཚལ་ཕོ་བྲང་དུ་ལ་དྭགས་ཀྱི་རྒན་གསོ་ཁང་གི་བགྲེས་སོང་༤༧ དང་། སློབ་ཕྲུག་༡༢ གཞན་ཕྱི་རྒྱལ་གྱི་དད་ལྡན་པ་ཁག་ཅིག་བཅས་ལ་མཇལ་ཁ་སྩལ་གནང་འདུག 

གསར་འགོད་པ། བསོད་ནམས་ཕུན་ཚོགས།