རྒྱ་ནག་ནང་རྒྱལ་ཁབ་ཀྱི་མཚན་སྙན་ལ་གནོད་པའི་གྱོན་ཆས་དང་གཏམ་བཤད་རིགས་བཀག་སྡོམ་བྱེད་འཆར་ཡོད་འདུག

ཉེ་ཆར་རྒྱ་ནག་གཞུང་གིས་རྒྱལ་ཁབ་ཀྱི་མཚན་སྙན་ལ་གནོད་པའི་གྱོན་ཆས་རིགས་བཀག་སྡོམ་ཆེད། མི་མང་གི་བདེ་འཇགས་སྲུང་སྐྱོབ་ཟེར་བའི་ཁྲིམས་འཆར་ཞིག་བཏོན་ཡོད་པར་བརྟེན། མི་མང་གི་ཁྲོད་གླེང་སློང་ཆེན་པོ་བྱེད་བཞིན་ཡོད་འདུག

ཕྱི་ཚེས་༧ ཉིན་སྦི་སྦི་སི་གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། ཉེ་ཆར་རྒྱ་ནག་གཞུང་གིས་རྒྱལ་ཁབ་ཀྱི་མཚན་སྙན་ལ་གནོད་པའི་གྱོན་ཆས་རིགས་བཀག་སྡོམ་བྱེད་ཆེད་ཁྲིམས་འཆར་ཞིག་བཏོན་ཡོད་པ་དང་། གལ་སྲིད་ཁྲིམས་འཆར་དེ་ཁྲིམས་ཆགས་པ་ཡིན་ན། མི་མང་མང་པོ་ཞིག་ལ་དངུལ་གྱི་ཆད་པ་དང་བཙོན་འཇུག་གི་ཁྲིམས་ཆད་ཕོག་གི་ཡོད་འདུག་པར་བརྟེན། རྒྱ་ནག་ནང་མི་མང་མང་པོས་དྲྭ་ཐོག་ཏུ་གླེང་སློང་ཆེན་པོ་བྱེད་བཞིན་ཡོད་འདུག དྲྭ་ཐོག་ཏུ་ཁྲིམས་ལུགས་མཁས་པ་དག་གིས་བརྗོད་དོན་ལ་ཁྲིམས་འཆར་དེ་འགྲེལ་བརྗོད་ཁ་གསལ་དགོས་པ་དང་། རྒྱལ་ཁབ་ཀྱི་ཁྲིམས་ལུགས་གང་དང་འགལ་གྱི་ཡོད་མེད་སོགས་གཞུང་ཕྱོགས་ནས་འགྲེལ་བརྗོད་ཁ་གསལ་མེད་པ་དེ་ལ་ཁ་གསལ་བཟོ་དགོས་པར་བརྗོད་བཞིན་ཡོད་འདུག ཁྲིམས་འཆར་དེ་ནི་གྱོན་ཆས་གང་ཡང་རུང་བ་ཞིག་གིས་རྒྱལ་ཁབ་ཀྱི་མཚན་སྙན་དང་མངོན་འདོད་ལ་གནོད་ཀྱི་ཡོད་ན། གྱོན་ཆས་གྱོན་མཁན་གྱི་མི་དེ་ལ་ཉིན་གྲངས་༡༥ ཡི་བཙོན་འཇུག་དང་། རྒྱ་སྒོར་༥༠༠༠ ཆད་པ་གཅོད་འཆར་ཡོད་འདུག དེ་བཞིན་དྲྭ་ཐོག་ཏུ་རྩོམ་དང་གཏམ་བཤད་སོགས་རྒྱལ་ཁབ་ཀྱི་མཚན་སྙན་ལ་གནོད་པའི་རིགས་དང་། ས་གནས་སོ་སོའི་སྔར་གྱི་དཔའ་བོའི་མཚན་སྙན་ཐོབ་མྱོང་མཁན། ཁོང་ཚོའི་འདྲ་གཟུགས་སོགས་ལ་དམའ་འབེབས་དང་མཐོང་ཆུང་རིགས་སྤེལ་ཚེ་ཆད་པ་གཅིག་པ་གཅོད་འཆར་ཡོད་འདུག དྲྭ་ཐོག་ཏུ་མི་མང་འགའ་ཤས་ཀྱིས་མཆན་བྲིས་དོན་ལ་ཁྲིམས་འཆར་དེའི་ནང་ནུབ་ཕྱོགས་པའི་གྱོན་ཆས་(Suit)དང་(tie )གཉིས་རྒྱལ་ཁབ་ཀྱི་མཚན་སྙན་ལ་གནོད་པའི་གྱོན་ཆས་རིགས་ནང་ཚུད་ཀྱི་རེད་དམ། རྒྱུ་མཚན་ནི་གྱོན་ཆས་དེ་གཉིས་ནི་མར་ཁེ་སི་རིང་ལུགས་ཀྱི་ཡིན་པ་དང་། མར་ཁེ་སི་རིང་ལུགས་ནི་ནུབ་ཕྱོགས་ནས་ཡོང་བ་ཡིན་པར་བརྟེན། རྒྱལ་ཁབ་ཀྱི་མཚན་སྙན་ལ་གནོད་པའི་གྱོན་ཆས་ཟེར་བ་དེ་གང་འདྲ་ཞིག་ལ་གཞི་གཞག་དགོས་རེད་དམ་ཞེས་(weibo ) ཐོག་བཀོད་ཡོད་འདུག ཡང་ཁྲིམས་ལུགས་རིག་པའི་མཁས་པ་དག་གིས་ཁྲིམས་འཆར་དེ་ལ་སྐྱོན་བརྗོད་བྱས་དོན་ལ་ཁྲིམས་འཆར་དེ་ཁ་གསལ་མེད་པར་བརྟེན་། མི་མང་མང་པོ་ཞིག་ལ་ཉེས་ཆད་དོན་མེད་ཕོག་སྲིད་པས། ཁྲིམས་འཆར་དེ་ཁ་གསལ་བཟོ་དགོས་ཚུལ་བརྗོད་ཡོད་འདུག རྒྱ་ནག་གི་ཆབ་སྲིད་ཚན་རིག་དང་ཁྲིམས་ལུགས་རིག་པའི་སློབ་ཆེན་(Chinese University of Political science and law )གྱི་སློབ་དཔོན་(Zhao Hong)ཟེར་བ་ཞིག་གིས་བརྗོད་དོན་ལ། ཁྲིམས་འཆར་དེ་ཁ་གསལ་མེད་པའི་རྐྱེན་གྱིས་མི་མང་སྒེར་གྱི་རང་དབང་དང་ཐོབ་ཐང་ལ་དོ་ཕོག་འགྲོ་ཉེན་འདུག་ཅེས་བརྗོད་ཡོད་འདུག ད་དུང་མོས་ཁྲིམས་འཆར་དེ་དང་འབྲེལ་ནས་རྩོམ་ཞིག་བྲིས་ཡོད་པ་དང་། རྩོམ་དེའི་ནང་ཉེན་རྟོག་པས་མི་སྒེར་གྱི་ཁྲིམས་ལུགས་དེ་ལ་འགྲེལ་བརྗོད་འདྲ་མིན་བྱས་ནས་མི་མང་ལ་རྡུང་རྡེག་བཏང་ནས་བཟང་སྤྱོད་ལས་འགལ་བའི་བྱ་སྤྱོད་རིགས་ཡོང་སྲིད་པར་བརྗོད་ཡོད་འདུག་ལ། དེ་སྔོན་རྒྱ་ནག་གི་(Suzhou )གྲོང་ཁྱེར་ནང་བུད་མེད་གཅིག་གིས་ཉི་ཧོང་གི་གྱོན་ཆས་ཤིག་གྱོན་པར་བརྟེན། ཉེན་རྟོག་པ་དང་བུད་མེད་བར་རྙོག་གླེང་བྱུང་ནས་སྤྱི་ཚོགས་དྲྭ་ལམ་ཐོག་ཁྱབ་བསྒྲགས་ཆེན་པོ་ཕྱིན་ཡོད་པ་ཡང་བརྗོད་འདུག དེ་དང་གཅིག་མཚུངས་འདི་ལོའི་ཕྱི་ཟླ་༣ ནང་རྒྱ་རིགས་བུད་མེད་གཅིག་གིས་ཉི་ཧོང་གི་དམག་མིའི་གྱོན་ཆས་གྱོན་ནས་མཚན་མོ་ཁྲོམ་གཞུང་དུ་འགྲོ་སྐབས་ཉེན་རྟོག་པས་འཇུ་བཟུང་བྱས་ཡོད་འདུག དྲྭ་ཐོག་ཏུ་སྨྱུག་མིང་ལ་(Wang Wusi)ཟེར་བ་ཞིག་གིས་མཆན་བྲིས་དོན་ལ་( Kimono)ཟེར་བའི་གྱོན་ཆས་གྱོན་ནའང་རྒྱལ་ཁབ་ཀྱི་མཚན་སྙན་ལ་གནོད་ཀྱི་རེད་དམ། ཉི་ཧོང་གི་ཁ་ལག་བཟས་ན་རྒྱལ་ཁབ་ཀྱི་མངོན་འདོད་དང་འགལ་གྱི་ཡོད་རེད་དམ། རྒྱལ་ཁབ་ཀྱི་མཚན་སྙན་དང་མངོན་འདོད་ལ་གནོད་མིན་ཚད་གང་འདྲ་ཞིག་ལ་འཛིན་དགོས་རེད་དམ་ཞེས་བྲིས་ཡོད་འདུག 

གྱོན་ཆས་ཀྱི་ཁྲིམས་འཆར་དེ་ནི་ཕྱི་ལོ་༢༠༡༢ ལོར་ཞི་ཅིན་ཕེང་སྲིད་འཛིན་ཆགས་དུས་སུ་རྒྱ་ནག་གི་མི་སེར་ཟེར་བ་གང་འདྲ་ཞིག་ལ་གོ་དགོས་མིན་གྱི་དཔེ་མཚོན་ཞིག་ཡིན་པར་བརྗོད་འདུག་ལ། དེ་བཞིན་མི་སེར་ཡ་རབས་ཀྱི་ཚད་འཛིན་ས་ཟེར་བའི་ལམ་སྟོན་གྱི་ཁྲིམས་ཤིག་བཟོས་ཡོད་པ་དང་། ཁྲིམས་དེའི་ནང་ཏང་ལ་དགའ་ཞེན་ཡོད་པ་དང་། ཞི་ཅིན་ཕིང་དང་དམར་ཤོག་ཚོགས་པ་ལ་ཡིད་ཆེས་ཡོད་པ་བཅས་བཀོད་ཡོད་འདུག 

གསར་འགོད་པ། བསོད་ནམས་ཕུན་ཚོགས།