རྒྱ་ནག་ནང་ལོ་ངོ་༦༠ ནང་བྱུང་མྱོང་མེད་པའི་གནམ་གཤིས་ཚ་དྲོད་དང་མི་མང་གི་དཀའ་ངལ།
ད་ཆར་རྒྱ་ནག་ནང་གནམ་གཤིས་ཚ་དྲོད་ཧ་ཅང་འཕར་བའི་རྐྱེན་གྱིས་ལོ་ངོ་དྲུག་ཅུའི་ནང་བྱུང་མྱོང་མེད་པའི་ཚ་དྲོད་འཕར་ནས་ཞིང་པ་གཙོས་པའི་མི་མང་གི་འཚོ་བ་ལ་དོ་ཕོག་ཆེན་པོ་ཐེབས་བཞིན་ཡོད་འདུག

ཕྱི་ཚེས་༢༤ ཉིན་སྦི་སྦི་སི་གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། འདི་ལོར་རྒྱ་ནག་ནང་དུ་ཕྱི་ཟླ་༦ འདི་འདས་པའི་ལོ་རྒྱུས་ནང་བྱུང་མྱོང་མེད་པའི་གནམ་གཤིས་ཚ་དྲོད་ཧ་ཅང་འཕར་ནས་ཕྱི་ཚེས་༢༢ ཉིན་མོ་དེ་ཕྱི་ལོ་༡༩༦༡ ནས་ད་བར་གྱི་ཚ་དྲོད་ཆེ་ཤོས་ཀྱི་ཉིན་མོ་ཞིག་རེད་ཅེས་རྒྱ་ནག་གཞུང་གིས་བརྗོད་ཡོད་འདུག དེ་བཞིན་ཟླ་སྔོན་མ་རྒྱ་ནག་གི་གྲོང་ཁྱེར་ཆེ་ཤོས་མི་འབོར་ས་ཡ་༢༥ ཙམ་ཡོད་པའི་ཧྲང་ཧེ་གྲོང་ཁྱེར་གྱི་མཚོ་འགྲམ་དུ་འདས་པའི་དུས་རབས་གཅིག་ནང་བྱུང་མྱོང་མེད་པའི་ཚ་དྲོད་བྱུང་ཡོད་འདུག
རྒྱ་ནག་གི་རྒྱལ་ས་དང་མི་འབོར་ས་ཡ་༢༡ ཡོད་པའི་པེ་ཅིན་གྲོང་ཁྱེར་ནང་དུ་གཟའ་མིག་དམར་ཉིན་ཚ་དྲོད་གྲངས་(41.8 C) བར་འཕར་ནས་མཐོ་ཤོས་དེ་ཆགས་ཡོད་འདུག ས་གནས་གཞུང་ནས་མི་མང་གིས་གཟབ་གཟབ་བྱེད་དགོས་པ་དང་གཟའ་སྤེན་པའི་ཉིན་དེ་ལས་ཚ་དྲོད་འཕར་སྲིད་པའི་ཉེན་བརྡ་གཏོང་དགོས་བྱུང་འདུག རྒྱ་ནག་རྒྱལ་ཡོངས་གནམ་གཤིས་སྔོན་བརྡ་ཁང་ནས་སྔོན་བརྡ་བཏང་གསལ་ལ་བདུན་ཕྲག་སྔོན་མ་དེ་ལོ་སྔོན་མ་ལས་ཚ་དྲོད་ཆེ་བ་ཡོད་པར་བརྟེན། རྒྱ་ནག་གི་གྲོང་ཁྱེར་པེ་ཅིན་དང་ཐེན་ཇིན། གཞན་བྱང་ཕྱོགས་ཀྱི་གྲོང་ཁྱེར་ཁ་ཤས་ནང་ཡོད་པའི་མི་མང་རྣམས་ཀྱིས་སྒོ་ཕྱི་ལོག་གི་ལས་ཀ་རྣམས་ཉིན་མོ་གནམ་གཤིས་ཚ་དྲོད་ཆེ་བའི་སྐབས་སུ་ལས་མཚམས་བཞག་ན་ལེགས་ཚུལ་ལམ་སྟོན་བྱས་ཡོད་འདུག་ལ། ཚ་ནད་རིགས་བྱུང་ཚེ་ངེས་པར་དུ་གང་མགྱོགས་སྨན་ཁང་དུ་འགྲོ་དགོས་པར་བརྗོད་འདུག
བདུན་ཕྲག་སྔོན་མ་རྒྱ་ནག་གཞུང་གི་ནུས་ཤུགས་ཚན་པས་རྒྱ་ནག་ཤར་ཕྱོགས་ཀྱི་ས་ཆ་ཁ་ཤས་ནང་ཛ་དྲག་ཐོག་ནས་ནུས་ཤུགས་ཐོན་ཁུངས་གྲ་སྒྲིག་བྱེད་དགོས་བྱུང་ཡོད་འདུག གཙོ་བོ་གློག་གི་དཀའ་ངལ་ཆེན་པོ་འཕྲད་ཀྱི་ཡོད་པ་དང། གྲོང་ཁྱེར་ཐེན་ཇིན་ནང་མི་མང་གིས་གྲང་གློག་གཏོང་རྒྱུ་ལོ་སྔོན་མ་ལས་བརྒྱ་ཆ་༢༣ མང་དུ་ཕྱིན་ནས་གློག་གི་དགོས་མཁོ་ཆེན་པོ་ཆགས་ཡོད་འདུག ཨི་ཤི་ཡའི་གནམ་གཤིས་འགྱུར་ལྡོག་ཐོག་ཞིབ་འཇུག་མཁས་པ་དག་གིས་བརྗོད་དོན་ལ་འདི་ལོ་གཅིག་པུའི་ནང་དྲོད་ཚད་༢ འཕར་ནས་ལོ་རྒྱུས་ནང་བྱུང་མྱོང་མེད་པའི་ཚ་དྲོད་འཕར་ཡོད་པར་བརྗོད་འདུག དེ་བཞིན་རྒྱ་གར་གཙོས་པའི་བྷང་ལ་དྷེ་ཤེ་དང། ལའ་སི། ཐེ་ལན་ཌི་སོགས་པའི་རྒྱལ་ཁབ་ནང་ཕྱི་ཟླ་༤ པ་ནང་ཚ་དྲོད་གྲངས་ཚད་༤༥ འཕར་ཡོད་འདུག
ཚ་དྲོད་འཕར་བའི་རྐྱེན་གྱིས་རྒྱལ་ཁབ་མང་པོའི་ནང་མི་ཤི་བ་དང། ནད་པ་མང་པོ་ཆགས་པ། གཞུང་ལམ་གྱི་སྣུམ་ནག་བཞུར་བ། འཛུགས་སྐྲུན་མང་པོ་ལ་གནོད་སྐྱོན་ཐེབས་པ་བཅས་འབྱུང་གི་ཡོད་འདུག གོ་ལའི་ཁྱོན་ཡོངས་ནང་ཚ་བའི་དྲོད་རླབས་ཀྱིས་ལོ་རྟག་པར་མི་དུ་མ་འདས་གྲོངས་སུ་འགྱུར་གྱི་ཡོད་འདུག།
གསར་འགོད་པ་། བསོད་ནམས་ཕུན་ཚོགས།

 
							 
							