རྒྱ་ནག་ནང་སོ་སོའི་སྐྱེས་སྨན་དམར་གསོད་ཀྱི་དོན་རྐྱེན་མང་དུ་འགྲོ་བཞིན་འདུག

རྒྱ་ནག་ནང་ཁྱོ་གས་བཟའ་ཟླ་ལ་ཉེས་རྡུང་བཏང་བའི་གནས་ཚུལ་མང་དུ་འགྲོ་བཞིན་པ་དང་། བཟའ་འཛིང་དང་བཟའ་མི་ཁ་བྲལ་གྱི་གནས་ཚུལ་ཡང་ཡང་འབྱུང་གི་ཡོད་པར་བརྟེན། གཞོན་སྐྱེས་ཚོར་གཉེན་སྒྲིག་བྱེད་རྒྱུའི་ཐོག་དཀའ་ངལ་འཕར་མ་ཞིག་འཕྲད་བཞིན་ཡོད་འདུག

ཟླ་འདིའི་ཚེས་༣ ཉིན་(NDTV) གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། འདས་པའི་ཉིན་ཁ་ཤས་ཀྱི་སྔོན་དུ་རྒྱ་མི་རླངས་འཁོར་ཁ་ལོ་བ་ཞིག་གིས་སྐྱེས་དམན་ཞིག་རླངས་འཁོར་གྱིས་ཡང་ནས་བསྐྱར་དུ་བརྫིས་ནས་དམར་གསོད་བྱེད་བཞིན་པའི་བརྙན་ཐུང་ཞིག་སྤྱི་ཚོགས་དྲྭ་རྒྱ་ཁག་ཏུ་ཁྱབ་ཡོད་པ་དང་། གནས་ཚུལ་དེ་འབྱུང་ས་ནི་རྒྱ་ནག་གི་ཧྲན་ཏུང་(Shandong) ཞིང་ཆེན་ལ་ཆགས་ཡོད་འདུག

ས་གནས་ཉེན་རྟོག་པ་ཚོས་བརྗོད་གསལ་ལྟར་ན། ཁ་ལོ་བ་དེ་ལོ་༣༧ ཡིན་པ་དང་ད་ལྟའི་ཆར་ཁོང་ཉིད་ས་གནས་ཉེན་རྟོག་པའི་དོ་དམ་འོག་ཏུ་ཡོད་འདུག་ལ། འདས་གྲོངས་སུ་ཕྱིན་པའི་སྐྱེས་སྨན་དེ་ནི་ཁོ་རང་གི་བཟའ་ཟླ་ཡིན་པ་དང་ད་ལྟ་ལོ་༣༨ ཡིན་འདུག ཁྱིམ་ཚང་གི་ཆེད་དུ་ཁ་རྩོད་དང་འཁྲུག་པ་ཤོར་བར་བརྟེན། ཁྱོ་གས་ཉིན་གུང་དུ་རྒྱ་ལམ་གྱི་ཟུར་ཞིག་ཏུ་ཁོང་ཉིད་ཀྱི་བཟའ་ཟླ་དམར་གསོད་བཏང་ཡོད་འདུག

འདས་པའི་ཉི་མ་ཁ་ཤས་ཀྱི་ནང་རྒྱ་ནག་གི་སྤྱི་ཚོགས་དྲྭ་རྒྱ་ཝེ་སྤོ་(Weibo) ཐོག་ཁྱོ་གས་སོ་སོའི་བཟའ་ཟླ་དམར་གསོད་གཏོང་བཞིན་པའི་བརྙན་ཐུང་དེར་མི་ས་ཡ་༣༠༠ ལྷག་གིས་བལྟས་ཡོད་འདུག་པས་གནས་ཚུལ་དེ་ནི་རྒྱ་ནག་ནང་དུ་གླེང་གཞི་ཆེ་ཤོས་ཀྱི་གནས་ཚུལ་ཞིག་ཏུ་གྱུར་ཡོད་འདུག

ཟླ་བ་སྔོན་མའི་ནང་རྒྱ་ནག་གི་ཀོང་ཏུང་(Guangdong) ཞིང་ཆེན་ནང་ཁྱོ་ག་ཞིག་གིས་ལོ་མང་རིང་བཟའ་ཟླ་ལ་ཉེས་རྡུང་ཡང་ཡང་བཏང་བར་བརྟེན། བཟའ་ཟླ་ཡིས་བཟའ་ཚང་ཁ་གྱེས་ཀྱི་འཆར་གཞི་བཏིང་བའི་དབང་གིས་ཁྱོ་གས་སོ་སོའི་བཟའ་ཟླ་དང་བཟའ་ཟླའི་སྤུན་མཆེད་བུ་མོ་ཞིག་ལ་གྲི་བཙུགས་ནས་དམར་གསོད་བཏང་ཡོད་འདུག

རྒྱ་ནག་ནང་ཕོ་མོ་འདྲ་མཉམ་མེད་པའི་དཀའ་ངལ་དང་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་གནོན་ཤུགས་སོགས་ལ་བརྟེན། གཉེན་སྒྲིག་ཕྱིར་འགྱངས་དང་གཉེན་སྒྲིག་ལ་འདོད་བློ་མེད་མཁན་མང་དུ་འགྲོ་བཞིན་པའི་དུས་དེར། རྒྱ་ནག་ནང་བཟའ་ཚང་ཁ་བྲལ་དང་ཁྱོ་གས་བཟའ་ཟླ་ལ་ཉེས་རྡུང་བཏང་བའི་གནས་ཚུལ་མང་པོ་ཐོན་བཞིན་པ་མ་ཟད། ཁྱོ་གས་བཟའ་ཟླ་དམར་གསོད་བཏང་བའི་གནས་ཚུལ་མང་པོ་འབྱུང་བཞིན་ཡོད་པར་བརྟེན། རྒྱ་ནག་ནང་གཞོན་སྐྱེས་ཚོས་གཉེན་སྒྲིག་བྱེད་རྒྱུ་ལ་ཐེ་ཚོམ་དང་འཇིགས་སྣང་ཡོང་གི་ཡོད་པའི་གནས་ཚུལ་ཐོན་འདུག།

གསར་འགོད་པ། བློ་བཟང་རྒྱ་མཚོ།