རྒྱ་ནག་བསྐྱར་དུ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་ཚོགས་མིར་འོས་འདེམས་བྱུང་བར་སྐྱོན་བརྗོད།

རྒྱ་ནག་བསྐྱར་དུ་མཉམ་འབྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་ཚོགས་མིར་འོས་འདེམས་བྱུང་བར། བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་དང་། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་སོགས་ཀྱིས་སྐྱོན་བརྗོད་བྱས།
ཟླ་འདིའི་ཚེས་༡༠ ཉིན་རྒྱ་ནག་བསྐྱར་དུ་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་ཚོགས་མིར་འོས་འདེམས་བྱུང་ཡོད་པ་དང་། དེའི་ཐད་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་ལྟེ་གནས་ཁང་གི་འཛིན་སྐྱོང་འགན་འཛིན་བསྟན་འཛིན་ཟླ་བ་ལགས་ཀྱིས་གསུངས་དོན་“དུས་ཡུན་རིང་པོར་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་ཚབས་ཆེན་གཏོང་མཁན་གྱི་རྒྱལ་ཁབ་རྒྱ་ནག་ལྟ་བུ་ཞིག་བསྟུན་མར་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་ཚོགས་མིར་འོས་འདེམས་བྱུང་བ་དེ་ནི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་ལམ་ལུགས་ལ་འགོས་ནད་ལྕི་མོ་ཐེབས་ཡོད་པའི་མཚོན་རྟགས་ཤིག་རེད།”ཅེས་དང་།
“མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་འགན་སྲུང་བྱེད་པའི་ནུས་ཚད་ཇེ་ཞན་དུ་གཏོང་ཐབས་སུ་རྒྱ་ནག་ལྟ་བུའི་སྲིད་དབང་སྒེར་འཛིན་པ་ཚོས་འཆར་གཞི་ལྡན་པའི་ལམ་ནས་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ལམ་ལུགས་ལོག་སྤྱོད་བྱེད་པ་དང་། འགོག་རྐྱེན་སློང་བ། ལག་བསྟར་ནུས་མེད་དུ་གཏོང་བ་སོགས་བྱེད་བཞིན་ཡོད་པ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་མཐོང་ཆོས་སུ་གྱུར་ཡོད། ”ཅེས་གསུངས་ཡོད་པ་དང་། དེ་བཞིན་ཚེས་༡༣ ཉིན་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་དང་། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་མཚོན་པའི་བོད་དོན་དང་འབྲེལ་བའི་ཚོགས་སྡེ་ ༡༤༠ ལྷག་གིས།
རྒྱ་ནག་སླར་ཡང་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་ཚོགས་མིར་འོས་འདེམས་བྱུང་བ་ནི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་ལམ་ལུགས་དཀའ་ཉེན་ཆེན་པོའི་གནས་སུ་ལྷུང་ཡོད་པ་མཚོན་ཐུབ་པ་དང་། རྒྱ་ནག་ནི་འགྲོ་བ་མིའི་ཐོབ་ཐང་བརྩི་མེད་རྡོག་རོལ་གཏོང་མཁན་ཞིག་ཡིན་པས། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ལྷན་ཚོགས་ཀྱི་ཁོངས་སུ་ཞུགས་པར་འོས་བབ་མེད་པ་དང་། དེ་བཞིན་རྒྱ་ནག་འོས་འདེམས་བྱུང་བ་དེས་འཛམ་གླིང་ཁྱོན་ཡོངས་ཀྱི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་དང་གོང་འཕེལ་ཡོང་བར་གནོད་སྐྱོན་དང་བརྡབ་གསིག་ཐེབས་ངེས་ཡིན་པ་སོགས་བརྗོད་ཡོད་འདུག
གསར་འགོད་པ་བསྟན་འཛིན་ལམ་བཟང་།