རྒྱ་ནག་རྒྱལ་ཡོངས་ཚོགས་ཆེན་སྐབས་དམག་དོན་སྔོན་རྩིས་དེ་བརྒྱ་ཆ་༧,༢% ལ་སྤར་ཏེ་དམག་ལ་གྲ་སྒྲིག་དགོས་པར་བརྗོད།


ཟླ་འདིའི་ཚེས་༥ ཉིན་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ་ལྟར་ན། ཟླ་འདིའི་ཚེས་༥ ་ཉིན་གྱི་སྔ་དྲོར་རྒྱ་ནག་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་གཉིས་པ་ཟེར་བ་དེ་མི་དམངས་ཚོགས་ཁང་ཆེན་མོར་འཚོགས་ཡོད་འདུག

པར། South china morning post

སྐབས་དེར་རྒྱ་ནག་གི་སྲིད་བློན་ལི་ཆང་གིས་ཚོགས་འདུའི་ཐོག་ཏུ་ལས་དོན་སྙན་སྒྲོན་དང་རྒྱ་ནག་གཞུང་གི་དཔལ་འབྱོར་དམིགས་ཚད། ཕྱི་འབྲེལ་སྲིད་བྱུས་དང་སྤྱི་ཚོགས་ཀྱི་གནད་དོན། ཧོང་ཀོང་དང་ཐའེ་ཝན་གྱི་གནད་དོན་བཅས་ཀྱི་ཐོག་ལ་དུས་ཡུན་ཆུ་ཚོད་གཅིག་ཙམ་གཏམ་བཤད་བྱས་ཡོད་འདུག

གཏམ་བཤད་ཀྱི་ནང་། ཁོས་ལོ་འདིའི་ནང་རྒྱ་ནག་དཔལ་འབྱོར་གྱི་དམིགས་ཚད་ནི་ན་ནིང་གི་དམིགས་ཚད་དང་མཚུངས་པར་རྒྱལ་ནང་ཐོན་སྐྱེད་ཁྱོན་བསྡོམས་ཀྱི་འཕར་ཚད་བརྒྱ་ཆ་༥ ཡིན་པ་དང་། གྲོང་ཁྱེར་ཁག་ཏུ་ལས་ཀའི་གོ་སྐབས་གསར་པ་ས་ཡ་༡༢ བསྐྲུན་རྒྱུ་རེ་བ་བྱེད་ཀྱི་ཡོད་ཅེས་དང་། ནད་ཡམས་ཐོན་རྗེས་ཀྱི་དཔལ་འབྱོར་སླར་གསོ་བྱ་རྒྱུ་ནི་དཀའ་ངལ་ཞིག་ཡིན་པ་མ་ཟད། གོ་ལ་ཧྲིལ་པོའི་ཁོར་ཡུག་གིས་རྒྱ་ནག་གི་འཕེལ་རྒྱས་ལ་ལྡོག་ཕྱོགས་ཀྱི་ཤུགས་རྐྱེན་བྱུང་ཞེས་བརྗོད་འདུག

དེ་བཞིན་ཁོས་རྒྱ་ནག་མི་དམངས་བཅིངས་འགྲོལ་དམག་གི་དམག་དོན་སྦྱོང་བརྡར་དང་གྲ་སྒྲིག་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་རྒྱག་དགོས་ཞེས་བརྗོད་ནས། རྒྱ་ནག་གི་དམག་དོན་སྔོན་རྩིས་དེ་བརྒྱ་ཆ་༧,༢% སྤར་རྒྱུའི་གསལ་བསྒྲགས་བྱས་ཡོད་འདུག ད་ལྟའི་ཆར་རྒྱ་ནག་གི་སྔོན་རྩིས་དེ་ཨ་སྒོར་ཐེར་འབུམ་༢༣༡.༤ ཟིན་ཡོད་འདུག

གཞན་ཡང་ཐའེ་ཝན་གྱི་གནད་དོན་དང་འབྲེལ་ཁོས་རྒྱ་ནག་གིས་རྒྱ་ནག་གཅིག་གི་རྩ་དོན་མཐའ་འཁྱོངས་ཀྱིས་ཁ་ཕྲལ་རིང་ལུགས་དང་ཕྱི་རྒྱལ་གྱི་ཐེ་ཇུས་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱ་རྒྱུ་ཡིན་ཞེས་བརྗོད་འདུག

རྒྱ་ནག་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་གཉིས་པ་དེ་ཟླ་༣ ཚེས་༥ ནས་ཚེས་༡༡ བར་འཚོགས་རྒྱུ་ཡིན་འདུག་པ་དང་། ལུའུ་ཆིན་ཅན་ཟེར་བ་ཞིག་ཚོགས་ཆེན་གྱི་མགྲིན་ཚབ་པ་ལ་བསྐོ་གཞག་བྱས་ཡོད་འདུག།

གསར་འགོད་པ། བློ་བཟང་རྒྱ་མཚོ།