རྒྱ་ནག་ལ་ཐའེ་ཝན་ནང་བཙན་འཛུལ་བྱེད་རྒྱུའི་དམག་མིའི་སྟོབས་ཤུགས་ཡོད་དམ།

ད་ཆར་རྒྱ་ནག་གཞུང་གིས་ཨུ་རུ་སུ་དང་ཡུག་རེན་གཉིས་ཀྱི་དམག་འཁྲུག་ལ་བསླབ་བྱ་བླངས་ནས་མ་འོངས་པ་ཐའེ་ཝན་ལ་བཙན་འཛུལ་བྱེད་ཕྱོགས་ཐད་གྲ་སྒྲིག་བྱེད་བཞིན་ཡོད་ཚུལ་ཚོད་དཔག་བྱེད་ཀྱི་ཡོད་འདུག 

ཕྱི་ཚེས་༡༩ ཉིན་ཨེ་ཤེ་ཡའི་དུས་བབ་ཀྱིས་གནས་ཚུལ་སྤེལ་གསལ་ལྟར་ན། ད་ཆར་རྒྱ་ནག་གིས་ཨུ་རུ་སུ་དང་ཡུག་རེན་གྱི་དམག་འཁྲུག་ནས་བསླབ་བྱ་བླངས་ཏེ་མ་འོངས་པའི་ཐའེ་ཝན་ལ་བཙན་འཛུལ་བྱེད་རྒྱུ་གྲ་སྒྲིག་བྱེད་ཀྱི་ཡོད་པ་ (International Institute for Strategic Studies)ཟེར་བའི་རྒྱལ་སྤྱིའི་ཐབས་བྱུས་སྲིད་བྱུས་སྐོར་ཉམས་ཞིབ་ལྟེ་གནས་ཁང་ཞིག་ནས་བརྗོད་ཡོད་འདུག རྒྱུ་མཚན་ནི་ཉེ་ཆར་རྒྱ་ནག་ནང་དུས་རྒྱུན་ལྟར་དམག་མི་བསྡུ་རུབ་མུ་མཐུད་ནས་བྱེད་བཞིན་ཡོད་པར་བརྟེན། རྒྱ་ནག་གཞུང་གིས་ཐའེ་ཝན་ལ་དམག་རྒྱག་རྒྱུ་གྲ་སྒྲིག་བྱེད་བཞིན་ཡོད་པ་ཚོད་དཔག་བྱེད་ཀྱི་ཡོད་འདུག ཕྱི་ལོ་༢༠༢༣ ལོར་རྒྱ་ནག་ནང་དམག་མི་བསྡུ་རུབ་བྱེད་ཕྱོགས་དང་། དམག་མི་བསྡུ་རུབ་བྱེད་དུས་ཀྱི་ཆ་རྐྱེན། དེ་བཞིན་དམག་མི་བདེ་སྲུང་ནང་ཞབས་ཞུ་བྱེད་དུས་དམག་ཁྲིམས་སོགས་ལ་ཡང་འགྱུར་བ་ཆེན་པོ་ཞིག་བཏང་ཡོད་པར་རྗོད་ཀྱི་ཡོད་འདུག ཨུ་རུ་སུས་ཡུག་རེན་ལ་དམག་འཁྲུག་རྒྱག་འགོ་འཛུགས་དུས་ཨུ་རུ་སུའི་དམག་མི་རྣམས་ལ་དམག་སྦྱོང་ལེགས་པོ་རག་མེད་པར་བརྟེན། དམག་སར་དམག་མི་ཕོན་ཆེན་ཤི་རྨས་བྱུང་ཡོད་པའི་རྐྱེན་གྱིས་ད་ཆར་རྒྱ་ནག་གིས་ཨུ་རུ་སུ་དང་ཡུག་རེན་གཉིས་ཀྱི་དམག་འཁྲུག་ལས་བསླབ་བྱ་བླངས་ནས། རྒྱ་ནག་གི་དམག་གི་སྟོབས་ཤུགས་ལ་འགྱུར་བ་གཏོང་བཞིན་ཡོད་པར་རྗོད་ཀྱི་ཡོད་འདུག རྒྱུ་མཚན་ནི་ལྷོ་རྒྱ་ནག་རྒྱ་མཚོའི་ནང་གལ་སྲིད་དམག་འཁྲུག་འདྲ་བྱུང་ན་། ཨུ་རུ་སུ་ལྟ་བུར་ཡུག་རེན་དུས་ཡུན་ཐུང་ཐུང་ནང་བཙན་བཟུང་བྱེད་རྒྱུ་དམིགས་ཡོད་ཀྱང་། དམག་སའི་ཁྲོད་དམག་མི་ཕོན་ཆེན་ཤི་རྨས་ཚབས་ཆེན་བྱུང་ནས་ཡུག་རེན་བཙན་བཟུང་བྱེད་ཐུབ་རྒྱུ་ལས་ལྡོག་སྟེ། ལོ་གཉིས་འདས་ཀྱང་ད་དུང་ཡུག་རེན་བཙན་བཟུང་བྱེད་མ་ཐུབ་ལྷག་ཡོད་པ་རེད། དེ་བཞིན་ཨུ་རུ་སུས་ཡུག་རེན་སྣང་ཆུང་བཏང་ཡོད་པ་དང་། ཨུ་རུ་སུའི་དམག་མི་རྣམས་ལ་དམག་སྦྱོང་ལེགས་པོ་མེད་པ། ཨུ་རུ་སུའི་དམག་མི་རྣམས་ཀྱིས་དམག་སར་ནོར་འཁྲུལ་ཆེན་པོ་ཤོར་ཡོད་པ། དམག་འཐབ་ལ་གྲ་སྒྲིག་ཡག་པོ་མེད་པ་སོགས་ཀྱིས་རྐྱེན་པས་ཨུ་རུ་སུ་ལ་མི་རྒྱུ་གཉིས་ཀྱི་ཐོག་ནས་ཕམ་ཉེས་ཆེན་པོ་བྱུང་ཡོད་པར་བརྟེན། རྒྱ་ནག་གི་མ་འོངས་པ་དེ་ལྟར་མ་ཡོང་བའི་ཆེད་དུ་ད་ལྟ་ནས་ཨུ་རུ་སུ་དང་ཡུག་རེན་གཉིས་ཀྱི་དམག་འཁྲུག་ལས་བསླབ་བྱ་བླངས་ནས་རྒྱ་ནག་གི་དམག་གི་སྟོབས་ཤུགས་ཐད་འགྱུར་ལྡོག་ཆེན་པོ་གཏོང་བཞིན་ཡོད་འདུག ཕྱི་ལོ་༢༠༢༣ ནང་ཨ་རིའི་(RAND)ཟེར་བའི་ཉམས་ཞིབ་ལྟེ་གནས་ཁང་ཞིག་གིས་བརྗོད་ཡོད་པ་ཞིག་ལ། རྒྱ་ནག་གིས་ཐའེ་ཝན་ཉིན་གྲངས་༩༠ ནང་བཙན་བཟུང་བྱེད་ཐུབ་རྒྱུའི་ཚོད་དཔག་བྱེད་བཞིན་ཡོད་པར་རྗོད་ཀྱི་ཡོད་འདུག་ལ། དེ་བཞིན་རྒྱ་ནག་གི་ཐའེ་ཝན་བཙན་འཛུལ་འགོ་བཙུགས་རྗེས་ཨ་རིས་ཐེ་གཏོགས་མ་བྱས་ཚེ། ཐའེ་ཝན་གྱི་དམག་སྟོབས་རྒྱ་ནག་ལས་ཧ་ཅང་ཆུང་བ་ཡོད་པའི་རྐྱེན་གྱིས་དེ་ལས་མགྱོགས་པ་བཙན་བཟུང་བྱེད་ཐུབ་སྲིད་པའི་ཚོད་དཔག་བྱེད་ཀྱི་ཡོད་འདུག ཕྱི་ལོ་༢༠༢༣ ནང་ཨེ་ཤེ་ཡའི་དུས་བབ་ཀྱིས་བརྗོད་ཡོད་པ་ལྟར་ན། གལ་སྲིད་རྒྱ་ནག་གིས་ཐའེ་ཝན་བཙན་བཟུང་བྱེད་འདོད་ཚེ་ཉུང་མཐའ་ལ་རྒྱ་ནག་གི་བཅིངས་འགྲོལ་དམག་མི་འབུམ་༣ ནས་འབུམ་༤ བར་དུས་ཐོག་ཏུ་ཐའེ་ཝན་ནང་བཏང་ནས་ས་དམག་དང་གནམ་དམག་གཉིས་ཀྱི་ཐོག་ནས་དམག་བརྒྱབས་ནས། ཐའེ་ཝན་གྱི་གྲོང་ཁྱེར་ཆེ་ཁག་དག་བཙན་བཟུང་བྱས་ཏེ་ཐའེ་ཝན་གྱི་འགོ་ཁྲིད་དག་འཛིན་རྒྱུ་ཡིན་པ་ཚོད་དཔག་བྱས་ཡོད་འདུག གལ་སྲིད་རྒྱ་ནག་གིས་དུས་ཐོག་ཏུ་དམག་མི་དེ་འདྲ་མང་པོ་གཏོང་མ་ཐུབ་ཚེ་། རྗེས་སུ་དམག་མི་ས་ཡ་གཉིས་ཙམ་ཐའེ་ཝན་ནང་གཏོང་དགོས་འབྱུང་རྒྱུ་ཡིན་པར་བརྗོད་ཡོད་འདུག འོན་ཀྱང་། རྒྱ་ནག་ནང་དམག་མིའི་མདུན་ལམ་ལ་མི་མང་ཁྲོད་ལྟ་སྟངས་ལེགས་པོ་མེད་པའི་རྐྱེན་གྱིས་དམག་མིའི་ནང་དམག་མི་ནུས་པ་ལྡན་པ་དང་། རྣམ་དཔྱོད་ལྡན་པའི་དམག་མི་དཀོན་པ་མ་ཟད། རྒྱ་ནག་གི་བཅིངས་འགྲོལ་དམག་མིའི་ཁྲོད་ལྐོག་ཟ་རུལ་སུངས་ཕོན་ཆེན་ཡོད་འདུག་པ་དང་། བྱིས་པ་གཅིག་ལས་སྐྱེ་མི་ཆོག་པའི་སྲིད་བྱུས་ལག་བསྟར་བྱས་པའི་རྐྱེན་གྱིས་དམག་མིའི་གྲངས་འབོར་ལ་དཀའ་ངལ་འཕྲད་བཞིན་ཡོད་པ་སོགས་བརྗོད་འདུག ཨ་རིའི་(Royal United Service Institute)ཟེར་བ་དེ་ཡིས་བརྗོད་དོན་ལ། ཨུ་རུ་སུས་ད་ཆར་ལོ་གཅིག་ནང་ལྕགས་ཁྲབ་འཁོར་ལོ་༡༥༠༠ བཟོ་རྒྱུའི་དམིགས་ཚད་བཟུང་ཡོད་འདུག་ཀྱང་། དེ་དག་གི་རྒྱུ་ཆ་བརྒྱ་ཆ་༨༠ ནི་དམག་འཁྲུག་ཁྲོད་ལྷག་པའི་གོ་མཚོན་རྙིང་པ་ཀྱང་ཀྱང་ཡིན་པར་བརྗོད་ཡོད་འདུག ཕྱི་ལོ་༢༠༢༤ ཨུ་རུ་སུའི་དམག་འཁྲུག་དེ་རྒྱུན་མཐུད་ཐུབ་ཀྱང་། ཕྱི་ལོ་༢༠༢༥ ནས་གོ་མཚོན་རྫོགས་ནས་དཀའ་ངལ་ཆེན་པོ་འཕྲད་རྒྱུ་ཡིན་པར་བརྗོད་འདུག (US 2023 China Militory Power Report)ཟེར་བ་ཡིས་བཏོན་པའི་སྙན་ཐོ་ཞིག་གི་ནང་ལ་འཁོད་དོན། རྒྱ་ནག་གི་མཚོ་དམག་ནི་འཛམ་གླིང་ནང་སྟོབས་ཆེ་ཤོས་དེ་ཡིན་འདུག་པ་དང་། དམག་གི་གྲུ་གཟིངས་༣༧༠ དང་(submarines)ཆུ་འོག་ཏུ་འགྲོ་ཐུབ་པའི་དམག་གི་གྲུ་གཟིངས་༡༣༨ ཡོད་པར་བརྗོད་འདུག ཕྱི་ལོ་༢༠༢༣ ཟླ་བ་༡ ནང་ཨེ་ཤེ་ཡའི་དུས་བབ་ཀྱིས་(Center for Strategic and International Studies )ཟེར་བ་དེས་སྙན་ཐོ་ཞིག་བཏོན་ཡོད་པར་གཞིགས་ན། རྒྱ་ནག་གིས་ཐའེ་ཝན་ཕྱི་ལོ་༢༠༢༦ ནང་བཙན་འཛུལ་བྱེད་རྒྱུ་ཡིན་པ་དང་། དེ་ཡང་རྒྱ་ནག་གི་གྲུ་གཟིངས་༡༣༨ དང་དམག་གི་གནམ་གྲུ་༡༥༥ དམག་མི་༥༢༠༠༠ ཙམ་དམག་འཁྲུག་ཁྲོད་མེད་པ་འགྱུར་རྒྱུ་ཡིན་པ་ཚོད་དཔག་བྱེད་ཀྱི་ཡོད་འདུག འོན་ཀྱང་། ཟླ་བ་འདིའི་ནང་(Wall Street Journal) ཟེར་བའི་གསར་ཁང་ནས་སྙན་ཐོ་ཞིག་བཏོན་ཡོད་པར་གཞིགས་ན། ཐའེ་ཝན་དང་རྒྱ་ནག་གཉིས་བར་དམག་འཁྲུག་བྱུང་ནས་རྒྱ་ནག་གི་དམག་གྲུ་ག་ཚོད་འཕྲོ་བརླག་ཕྱིན་ཀྱང་། རྒྱ་ནག་ནི་འཛམ་གླིང་ནང་གྲུ་གཟིངས་བཟོ་ཆས་ཀྱི་རྒྱུ་ཆ་མང་ཤོས་འཚོང་མཁན་དེ་ཡིན་པར་བརྟེན། ཁོང་ཚོས་དམག་གི་གྲུ་གཟིངས་གང་མགྱོགས་བཟོ་ངེས་རེད་ཅེས་བརྗོད་ཡོད་འདུག 

གསར་འགོད་པ། བསོད་ནམས་ཕུན་ཚོགས།