རྒྱ་ནག་ལ་བརྟེན་ནས་ཨ་རི་དང་རྒྱ་གར་བར་གྱི་འབྲེལ་ལམ་ཡག་ཏུ་འགྲོ་བཞིན་འདུག
ཟླ་འདིའི་ཚེས་༨ ཉིན་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ་ལྟར་ན། ད་ལྟའི་ཆར་ཨ་རི་དང་ཨི་རན་བར་གྱི་འབྲེལ་བ་སྡུག་ཏུ་འགྲོ་བཞིན་ཡོད་ན་ཡང་། ཨ་རི་དང་རྒྱ་གར་གཉིས་ཀྱི་འབྲེལ་བ་ཡག་ཏུ་འགྲོ་བཞིན་ཡོད་ཅིང་། ལྷག་པར་དུ་ཟླ་འདིིའི་ཚེས་༡༥ ཉིན་ཨ་རིའི་གྲོས་ཚོགས་གོང་འོག་གཉིས་ཀྱི་གྲོས་ཚོགས་འཐུས་མི་བརྒྱད་རྒྱ་གར་དུ་ཕེབས་ནས་རྒྱ་གར་གྱི་རང་བཙན་ཉིན་མོའི་མཛད་སྒོའི་ཐོག་མཉམ་ཞུགས་བྱ་རྒྱུ་ཡིན་པའི་གནས་ཚུལ་ཐོན་འདུག

ལོ་ལྟར་ཕྱི་ཟླ་༨ ་ཚེས་༡༥ ་ཉིན་རྒྱ་གར་གྱིས་རང་བཙན་ཉིན་མོ་སྲུང་བརྩི་ཞུ་སྲོལ་ཡོད་པ་ལྟར། ལོ་འདིར་རྒྱ་གར་དབྱིན་ཇིའི་བཙན་རྒྱལ་རིང་ལུགས་ཀྱི་དབང་སྒྱུར་འོག་ནས་རང་བཙན་ཐོབ་སྟེ་ལོ་༧༦ ་འཁོར་བའི་དུས་ཆེན་སྲུང་བརྩི་དང་སྟབས་བསྟུན། ཨ་རིའི་མང་གཙོ་ཚོགས་པའི་གྲོས་ཚོགས་འཐུས་མི་ལྔ་དང་སྤྱི་མཐུན་ཚོགས་པའི་གྲོས་ཚོགས་འཐུས་མི་གསུམ་བཅས་ཁྱོན་བསྡོམས་ཨ་རིའི་གྲོས་ཚོགས་འཐུས་མི་བརྒྱད་རྒྱ་གར་གྱི་རང་བཙན་ཉིན་མོའི་མཛད་སྒོའི་ཐོག་ཏུ་མཉམ་ཞུགས་བྱེད་འཆར་ཡོད་པ་མ་ཟད། རྒྱ་གར་གྱི་རྒྱལ་ས་ལྡི་ལི་དང་དེ་བཞིན་མོམ་བྷེ་གྲོང་ཁྱེར་སོགས་སུ་ཚོང་པ་དང་གློག་བརྙན་བཟོ་སྐྲུན་ཁང་(Bollyhood) ་གི་འགོ་ཁྲིད་ཁག་ཅིག་ཀྱང་ཐུག་འཆར་ཡོད་པའི་གནས་ཚུལ་ཐོན་འདུག
ཨ་རིའི་སྲིད་འཛིན་བྷ་ཌན་གྱིས་མགྲོན་འབོད་ཞུས་པ་ལྟར་ལོ་འདིའི་ཕྱི་ཟླ་༦ པའི་ནང་རྒྱ་གར་གྱི་སྲིད་བློན་མུ་དྷི་ཉིན་གྲངས་བཞིའི་རིང་ཨ་རི་ལ་འཚམས་གཟིགས་ཕེབས། སྐབས་དེར་སྲིད་འཛིན་མུ་དྷི་ཡིས་ཨ་རིའི་གྲོས་ཚོགས་གོང་འོག་ཚང་འཛོམས་སར་གཏམ་བཤད་ཀྱང་གནང་ཡོད་པ་མ་ཟད། མོ་ཊ་(Tesla) ་བཟོ་ཚོང་ལས་ཁང་གི་སྦྱིན་བདག་གཙོ་བོ་(Elon Musk)་དང་ཨ་རིའི་བོད་ཁང་གསར་འཛུགས་གནང་མཁན་གྲས་བོད་ཀྱི་ནང་བསྟན་རིག་པའི་མཁས་དབང་སློབ་དཔོན་(Robert Thurman)་སོགས་དང་མཇལ་འཕྲད་གནང་ཡོད་འདུག

རྒྱ་གར་གྱི་(Firstpost) ཞེས་པའི་གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། རྒྱ་གར་གྱི་སྲིད་བློན་མུ་དྷི་ཨ་རིའི་སྲིད་འཛིན་ཟུར་པ་ཨོ་བྷ་མ་དང་ཊོམ་གཉིས་སྲིད་འཛིན་ཡིན་པའི་སྐབས་སུ་ཨ་རི་ལ་འཚམས་གཟིགས་སུ་ཕེབས་མྱོང་ཡོད་པ་དང་། ལྷག་པར་དུ་ད་ལྟའི་སྲིད་འཛིན་བྷ་ཌན་གྱི་སྐབས་སུ་སྔ་ཕྱི་ཐེངས་གསུམ་ཙམ་ཕེབས་ཡོད་པ་བཅས། ཕྱི་ལོ་༢༠༡༤ ལོར་མུ་དྷི་རྒྱ་གར་གྱི་སྲིད་བློན་དུ་འདམས་ཐོན་བྱུང་བ་ནས་བཟུང་ད་ལྟ་བར། ཁོང་ཉིད་ཨ་རི་ལ་ཐེངས་དྲུག་ཙམ་ཕེབས་ཡོད་འདུག། ད་ལྟའི་ཆར་ཨ་རི་དང་རྒྱ་གར་བར་གྱི་འབྲེལ་བ་ནི་ཇེ་ཡག་ཏུ་འགྲོ་བཞིན་ཡོད་པ་དང་། ཡག་ཏུ་འགྲོ་དགོས་པའི་རྒྱུ་མཚན་མང་པོ་ཡོད་ཀྱང་གལ་འགངས་ཆེ་བ་དེ་ནི་རྒྱ་ནག་གི་དབང་སྒྱུར་ལ་སྔོན་འགོག་བྱེད་རྒྱུ་དང་ཨེ་ཤེ་ཡའི་ནང་ལས་དོན་སྣ་མང་ཐོག་མཉམ་ལས་བྱེད་རྒྱུའི་ཆེད་དུ་ཡིན་པའི་གནས་ཚུལ་ཁག་ཅིག་ཐོན་འདུག།
གསར་འགོད་པ། བློ་བཟང་རྒྱ་མཚོ།