རྒྱ་ནག་ལ་མུ་མཐུད་ཆུ་ལོག་བྱུང་ནས་སླར་ཡང་མི་༢༡ རྐྱེན་ལམ་དུ་ཕྱིན་ཡོད་འདུག
དེ་རིང་སྟེ་ཕྱི་ཟླ་༨ ཚེས་༡༣ ཉིན་བརྒྱུད་ལམ་ཁག་ནས་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་ནག་དབུས་ཀྱི་གྲོང་དང་གྲོང་ཁྱེར་ཁག་ཏུ་མུ་མཐུད་དྲག་ཆར་བབས་ནས་ཆུ་ལོག་གི་གནོད་སྐྱོན་ཚབས་ཆེན་འབྱུང་བཞིན་པར་བརྟེན། སླར་ཡང་མི་༢༡ རྐྱེན་ལམ་དུ་ཕྱིན་པ་མ་ཟད། མི་༤ གར་སོང་ཆ་མེད་དུ་གྱུར་ཡོད་འདུག
ཟླ་སྔོན་མར་རྒྱ་ནག་གི་ཧེ་ནན་ཞིང་ཆེན་(Henan province) དུ་རྒྱུན་ལྡན་ལས་བརྒལ་བའི་དྲག་ཆར་ཤུགས་ཆེན་བབས་ནས་ཆུ་རགས་དང་། མེ་འཁོར་འབབ་ཚུགས། རྒྱ་ལམ་སོགས་ཆུ་ནང་དུ་ནུབ་ནས་༢༩༢ ཙམ་གྱི་ཚེ་སྲོག་ཤོར་ཡོད་པས། ད་ལོའི་ཆུ་ལོག་ནང་མ་མཐར་ཡང་མི་༣༠༠ ལྷག་གི་ཚེ་སྲོག་ཤོར་ཟིན་ཡོད་འདུག
སྤྱི་ཡོངས་ནས་བཤད་ན། རྒྱ་ནག་ཏུ་ལོ་ལྟར་ཆུ་ལོག་གི་འཇིགས་པ་འབྱུང་གི་ཡོད་ན་ཡང་། ད་ལོར་རྒྱུན་ལྡན་མ་ཡིན་པའི་དྲག་ཆར་ཤུགས་ཆེན་བབས་ནས་རྒྱ་ནག་དབུས་ཀྱི་གྲོང་གསེབ་དང་གྲོང་ཁྱེར་ཙམ་མ་ཟད། བྱང་ཕྱོགས་སུ་ཆགས་པའི་རྒྱལ་ས་པེ་ཅིང་དུའང་ཆུ་ལོག་བྱུང་ནས་དཀའ་ངལ་ཚབས་ཆེན་འཕྲད་བཞིན་ཡོད་འདུག
ཉེ་བའི་ལོ་རྒྱུས་ནང་། རྒྱ་ནག་གི་ཆུ་ལོག་ཆེ་ཤོས་དེ་ཕྱི་ལོ་༡༩༩༨ ལོར་བྱུང་ཞིང་། ལོ་དེར་བོད་ནས་རྒྱ་ནག་ཏུ་བཞུར་བའི་འབྲི་ཆུ་ཤུགས་ཆེན་རྒྱས་ནས་ཆུ་ལོག་ཚབས་ཆེན་བྱུང་བའི་གནོད་འཚེའི་འོག མི་༢༠༠༠ ལྷག་རྐྱེན་ལམ་དུ་ཕྱིན་པའི་ཁར། ཁང་ཁྱིམ་ས་ཡ་༣ ཙམ་ལ་གཏོར་སྐྱོན་ཕོག་མྱོང་ཡོད་འདུག
བརྒྱུད་ལམ་ཁག་ནས་བརྗོད་པ་ལྟར་ན། ད་ལོའི་ཆུ་ལོག་གིས་རྒྱ་ནག་ལ་སྤྲད་པའི་་ཐད་ཀའི་གྱོང་གུན་དེ་ཨ་སྒོར་ཐེར་འབུམ་༡༤ ཙམ་ཟིན་ཡོད་འདུག །
གསར་འགོད་པ་དཀོན་མཆོག་རབ་བརྟན།