རྒྱལ་ཁབ་༢༥ མཉམ་འབྲེལ་གྱིས་མཁའ་ཐོག་དམག་སྦྱོང་བྱེད་བཞིན་འདུག
ཟླ་འདིའི་ཚེས་༡༧ ཉིན་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ་ལྟར་ན། བྱང་ཆིངས་རྩ་འཛུགས་ཀྱིས་གཞི་རྒྱ་ཆེ་ཤོས་ཀྱི་མཁའ་ཐོག་དམག་སྦྱོང་བྱེད་འགོ་བཙུགས་ནས་ཉིན་དྲུག་པ་དེ་འགྲོ་བཞིན་ཡོད་འདུག

བྱང་ཆིངས་རྩ་འཛུགས་ཀྱིས་མཁའ་ཐོག་དམག་སྦྱོང་དེ་ཟླ་འདིའི་ཚེས་༡༢ ཉིན་ཡུ་རོབ་ཀྱི་རྒྱལ་ཁབ་འཇར་མན་ནེ་ལ་འགོ་བཙུགས་ཡོད་པ་དང་། ཟླ་འདིའི་ཚེས་༢༣ བར་དམག་སྦྱོང་བྱེད་རྒྱུ་རེད་འདུག
ཐེངས་འདིའི་དམག་སྦྱོང་ནང་བྱང་ཆིངས་རྩ་འཛུགས་ཀྱི་ཁྱབ་ཁོངས་རྒྱལ་ཁབ་ཁག་དང་དེ་མིན་མནའ་གྲོགས་རྒྱལ་ཁབ་ཁག་ཅིག་བཅས་ཁྱོན་བསྡོམས་རྒྱལ་ཁབ་༢༥ མཉམ་ཞུགས་བྱས་ཡོད་པ་མ་ཟད། དམག་མི་ཁྲི་གཅིག་དང་གནམ་གྲུ་༢༥༠ ཙམ་བསྡུས་ཡོད་འདུག ལྷག་པར་དུ་ཨ་རི་ཡིས་ཐེངས་འདིའི་དམག་སྦྱོང་ཆེད་གནམ་གྲུ་༡༠༠ ལྷག་མངགས་གཏོང་བྱས་ཡོད་འདུག དམག་སྦྱོང་དེ་ནི་བྱང་ཆིངས་རྩ་འཛུགས་དབུ་བརྙེས་ནས་ད་བར་དམག་སྦྱོང་གཞི་རྒྱ་ཆེ་ཤོས་དེ་ཆགས་ཡོད་འདུག
བྱང་ཆིངས་རྩ་འཛུགས་ནི་འཛམ་གླིང་ཐོག་དམག་དོན་གྱི་སྒྲིག་འཛུགས་ཆེ་ཤོས་དེ་ཆགས་ཀྱི་ཡོད་པ་དང་། དེ་ནི་ཕྱི་ལོ་༡༩༤༩ ལོར་གསར་འཛུགས་བྱས་ནས་གཙོ་བོ་ཨུ་རུ་སུའི་རྒྱ་སྐྱེད་ལ་ཁ་གཏད་དང་གདོང་ལེན་བྱེད་རྒྱུའི་དོན་དུ་བཙུགས་པ་ཞིག་ཡིན་འདུག འདས་པའི་མི་ལོ་༧༣ གྱི་རིང་ཐོག་མའི་ཚོགས་མི་རྒྱལ་ཁབ་བཅུ་གཉིས་ཡོད་པ་ནས་ད་ལྟའི་ཆར་ཚོགས་མི་རྒྱལ་ཁབ་ཁྱོན་བསྡོམས་སུམ་ཅུ་སོ་གཅིག་བར་འཕར་ཡོད་འདུག དེའི་ནང་ནས་ཚོགས་མི་ཉེར་དགུ་ནི་ཡུ་རོབ་ཀྱི་རྒྱལ་ཁབ་དང་གཉིས་ནི་བྱང་ཨ་རི་ནས་ཡིན་འདུག
བྱང་ཆིངས་རྩ་འཛུགས་ཀྱི་ཚོགས་མི་འགའ་ཤས་ནི་ཨུ་རུ་སུའི་ཁྱིམ་མཚེས་རྒྱལ་ཁབ་ཡིན་པས། ཨུ་རུ་སུས་རྒྱུན་དུ་སྒྲིག་འཛུགས་དེ་ཉིད་རྒྱ་བསྐྱེད་བྱས་པ་ནི་ཨུ་རུ་སུའི་བདེ་འཇགས་ལ་ཉེན་ཁ་འཕྲད་ཀྱི་ཡོད་རབས་བརྗོད་ནས། ཡུག་རེན་དང་སི་ཝེ་ཌན་སོགས་བྱང་ཆིངས་རྩ་འཛུགས་ཀྱི་ནང་ལ་འཛུལ་རྒྱུར་དགག་བྱ་བྱེད་བཞིན་ཡོད་འདུག།
གསར་འགོད་པ། བློ་བཟང་རྒྱ་མཚོ།
