རྒྱལ་ཁབ་བཅུ་བཞིས་ནད་ཡམས་ཀྱི་འབྱུང་ཁུངས་དང་འབྲེལ་བའི་འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་ཀྱི་སྙན་ཐོར་སྐྱོན་བརྗོད། 

ཨ་འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་(WHO) ཀྱི་ཆེད་ལས་རུ་ཁག་དང་། རྒྱ་ནག་གི་ཚན་རིག་པ་གཉིས་ཀྱིས་མཉམ་འབྲེལ་ཐོག་ནས་ཝུའུ་ཧན་ཏོག་དབྱིབས་ནད་ཡམས་ཕལ་ཆེར་“སྲོག་ཆགས་ནས་མི་ལ་འགོས་”པ་ཞིག་ཡིན་པའི་མཐའ་སྡོམ་བཀོད་པའི་སྙན་ཐོ་ཞིག་བཏོན་རྗེས། ཨ་རི་དང་དབྱིན་ཇིས་གཙོས་པའི་རྒྱལ་ཁབ་༡༤ ཡིས་སྙན་ཐོ་དེར་སྐྱོན་བརྗོད་བྱས་འདུག 

ཕྱི་ཟླ་༣ ཚེས་༣༡ ཉིན་བརྒྱུད་ལམ་ཁག་ནས་གནས་ཚུལ་སྤེལ་བ་ལྟར་ན། ཨ་རི་དང་དབྱིན་ཇིས་གཙོས་པའི་རྒྱལ་ཁབ་༡༤ ཡིས་འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་ཀྱི་ནད་ཡམས་ཀྱི་འབྱུང་ཁུངས་དང་འབྲེལ་བའི་སྙན་ཐོ་གསར་ཤོས་དེ་ལ་སྐྱོན་བརྗོད་དང་། རྒྱ་ནག་ལ་འབྲེལ་ཡོད་གནས་ཚུལ་ཆ་ཚང་མཁོ་སྤྲོད་བྱས་མེད་པའི་ཉེས་འཛུགས་བྱས་ཡོད་འདུག 

ཕྱི་ལོ་༢༠༡༩ ལོའི་ལོ་སྨད་དུ་རྒྱ་ནག་དབུས་ཀྱི་གྲོང་ཁྱེར་ཝུའུ་ཧན་(Wuhan) ནས་ཐོག་མར་བྱུང་བའི་ནད་ཡམས་དེ་འཛམ་གླིང་ཡོངས་ཁྱབ་ཀྱི་ནད་ཡམས་(pandemic) སུ་གྱུར་ནས་ལོ་གཅིག་ལྷག་ཙམ་ཕྱིན་ཡོད་པ་དང་། དུས་ཡུན་དེའི་ནང་ནད་ཡམས་དེ་འགོས་པའི་མི་ས་ཡ་༡༢༨ ཙམ་དང་། དེའི་རྐྱེན་གྱིས་གྲོངས་པའི་མི་ས་ཡ་༢.༨ བྱུང་བའི་ཐོག འཛམ་གླིང་སྤྱི་དང་རྒྱལ་ཁབ། དེ་བཞིན་མི་སྒེར་རེ་རེའི་དཔལ་འབྱོར་དང་འཚོ་གནས་ལ་བརྗོད་ལས་འདས་པའི་གྱོང་གུན་དང་བརྡབ་གསིག་ཐེབས་ཡོད། འོན་ཀྱང་། རྒྱ་ནག་གཞུང་གིས་ནད་ཡམས་ཀྱི་འབྱུང་ཁུངས་དང་འབྲེལ་བའི་གནས་ཚུལ་རྣམས་སྦས་སྐུང་བྱས་ཏེ་ཕྱི་རུ་སྟོན་གྱི་མེད་པར་བརྟེན། ནད་ཡམས་དེའི་འབྱུང་ཁུངས་དངོས་གང་ཡིན་དང་། དེ་ཇི་ལྟར་ཁྱབ་གདལ་དུ་ཕྱིན་པའི་གནས་ཚུལ་གལ་ཆེན་རྣམས་ད་དུང་ཡང་གསལ་པོ་ཞིག་ཆགས་མ་ཐུབ་པར་ལུས་ཡོད། 

ཨ་རིའི་སྲིད་འཛིན་ཟུར་པ་ཊོམ་དང་ཚན་རིག་པ་འགས་འཇིགས་སུ་རུང་བའི་ནད་ཡམས་དེའི་འབྱུང་ཁུངས་ནི་ཝུའུ་ཧན་གྲོང་ཁྱེར་གྱི་ནད་འབུ་བརྟག་དཔྱད་ཁང་ཡིན་པའི་དཔང་རྟགས་ཡོད་ཅེས་བཤད་ཡོད་ན་ཡང་། ད་བར་དངོས་སུ་དཔང་རྟགས་ཤིག་སྟོན་ཐུབ་མེད།

རྒྱ་ནག་གཞུང་གིས་ནད་ཡམས་བྱུང་ནས་ལོ་གཅིག་ལྷག་གི་རྗེས་སུ་མ་གཏོགས་རྒྱལ་སྤྱིའི་ཚན་རིག་པ་དང་ཉམས་ཞིབ་པ་རྣམས་ནད་ཡམས་བྱུང་སའི་ས་གནས་ལ་ཞིབ་འཇུག་བྱེད་པར་ཡོང་དུ་བཅུག་མེད་པ་མ་ཟད། མཇུག་མཐར་ཡོང་དུ་བཅུག་པའི་སྐབས་སུའང་རྒྱ་ནག་གི་ཚན་རིག་པ་དང་མཉམ་འབྲེལ་བྱེད་དུ་བཅུག་པ་དང་། ཐོག་མའི་འབྱུང་ཁུངས་དང་བྱུང་རིམ་སྐོར་གྱི་གནས་ཚུལ་ཆ་ཚང་ཞིག་མ་སྤྲད་པ་སོགས་བྱས་ཏེ་ནད་ཡམས་ཀྱི་འབྱུང་ཁུངས་དངོས་གང་ཡིན་རྩད་ཆོད་ཐུབ་ཐབས་བྲལ་བ་བཟོས་ཡོད། 

རྒྱལ་ཁབ་༡༤ ཡི་བསྒྲགས་གཏམ་ནང་། རྒྱ་ནག་གིས་རང་དབང་ལྡན་པའི་ཞིབ་འཇུག་ཕར་འགྱངས་བྱས་པར་སྐྱོན་བརྗོད་བྱས་པའི་ཐོག མ་འོངས་པའི་ནད་ཡམས་ཁྲོད་རང་དབང་ལྡན་པའི་ཆེད་ལས་པ་ཚོར་དུས་ཐོག་ཏུ་ཞིབ་འཇུག་བྱེད་དུ་འཇུག་དགོས་པའི་དགོས་འདུན་བཏོན་འདུག

ད་ལྟའི་ཆར་ཨ་རི་དང་དབྱིན་ཇིས་མཚོན་པའི་མང་གཙོའི་རྒྱལ་ཁབ་ཁག་གིས་དམར་ཤོག་རྒྱ་ནག་ལ་བསྟུན་ཐབས་འབའ་ཞིག་བྱེད་པའི་སྔར་གྱི་སྲིད་བྱུས་དེ་བསྒྱུར་ནས། མངོན་སུམ་འཛེམས་ཀྱིས་རྒྱ་ནག་ལ་ཁ་གཏད་གཅོག་པའི་སྲིད་བྱུས་འཐེན་འགོ་བརྩམས་ཟིན་པ་དང་། རྒྱ་ནག་གིས་ཀྱང་སྔོན་ཆད་ཀྱི་བསྟུན་མཁས་དང་ཚོང་ལས་ཀྱི་ཐབས་བྱུས་དེ་ཡོངས་སུ་བསྐྱུར་ནས་ཚིག་མཚོན་འདེབས་པ་དང་དམག་ཤེད་ངོམ་ནས་ཡ་ལན་སློག་གི་ཡིན་པའི་རྣམ་འགྱུར་སྟོན་བཞིན་ཡོད། །

གསར་འགོད་པ་དཀོན་མཆོག་རབ་བརྟན།