རྒྱལ་ཁབ་མང་པོས་ཀྲི་ཀྲོ་མཉེན་ཆས་བཀག་སྡོམ་བྱས་འདུག
ཟླ་འདིའི་ཚེས་༢ ཉིན་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ་ལྟར་ན། རྒྱལ་ཁབ་མང་པོ་ཞིག་གིས་རྒྱ་ནག་ནས་བཟོས་པའི་ཀྲི་ཀྲོ་(Tiktok) མཉེན་ཆས་བཀག་སྡོམ་བྱས་ཡོད་པའི་གནས་ཚུལ་ཐོན་འདུག
བདུན་འདིའི་རེས་གཟའ་ཟླ་བའི་ཉིན་ཨ་རི་ཕོ་བྲང་དཀར་པོས་ཉིན་གྲངས་སུམ་ཅུའི་ནང་ཨ་རི་གཞུང་གིས་འགྲེམས་སྤེལ་བྱས་པའི་གློག་ཀླད་དང་ཁ་པར་སོགས་ཀྱི་ནང་ནས་རྒྱ་ནག་ཏུ་བཟོས་པའི་ཀྲི་ཀྲོ་མཉེན་ཆས་མེད་པ་བཟོ་དགོས་པའི་གསལ་བསྒྲགས་སྤེལ་འདུག་ལ། ཁེ་ན་ཌ་གཞུང་གིས་ཀྱང་གཞུང་འབྲེལ་གྱི་གློག་ཀླད་དང་ཁ་པར་སོགས་ཀྱི་ནང་ནས་ཀྲི་ཀྲོ་མེད་པ་བཟོ་དགོས་པའི་གསལ་བསྒྲགས་སྤེལ་ཡོད་འདུག བདུན་འདིའི་རེས་གཟའ་མིག་དམར་ཉིན་ཡུ་རོབ་གྲོས་ཚོགས་ཀྱིས་ལས་བྱེད་ཡོངས་ཀྱི་ཁ་པར་དང་འཕྲུལ་འཁོར་རིགས་ནས་ཀྲི་ཀྲོ་མེད་པ་བཟོ་རྒྱུའི་གསལ་བསྒྲགས་སྤེལ་ཡོད་པ་དང་། བདུན་ཕྲག་གཅིག་ཙམ་གྱི་སྔོན་དུ་ཡུ་རོབ་སྤྱི་མཐུན་ཚོགས་པ་དང་ཡུ་རོབ་སྤྱི་མཐུན་ཚོགས་པའི་འཛིན་སྐྱོང་ལྷན་ཁང་བཅས་ཀྱིས་ཀྱང་ཀྲི་ཀྲོ་མཉེན་ཆས་བེད་སྤྱོད་གཏོང་མི་ཆོག་པ་བཟོས་ཡོད་པའི་གནས་ཚུལ་ཐོན་འདུག
གཞན་ཡང་ཕྱི་ལོ་༢༠༢༢ ལོར་ཐེ་ཝན་གྱིས་གཞུང་གི་སྡེ་ཚན་ཁག་གི་ཁ་པར་དང་གློག་ཀླད་སོགས་ཀྱི་ནང་ལ་རྒྱ་ནག་ནས་བཟོས་པའི་མཉེན་ཆས་རིགས་བེད་སྤྱོད་གཏོང་མི་ཆོག་པ་བཟོས་ཡོད་འདུག་ལ། ཕྱི་ལོ་༢༠༢༠ ལོ་རྒྱ་གར་གཞུང་གིས་ཀྲི་ཀྲོ་གཙོས་པའི་རྒྱ་ནག་གི་མཉེན་ཆས་རིགས་༣༠༠ ལྷག་བཀག་སྡོམ་བྱས་ཡོད་འདུག
རྒྱལ་ཁབ་དེ་དག་གིས་རྒྱ་ནག་ཏུ་བཟོ་སྐྲུན་བྱས་པའི་ཀྲི་ཀྲོ་བཀག་སྡོམ་བྱེད་དགོས་དོན་ནི། ཀྲི་ཀྲོ་ཞེས་པའི་མཉེན་ཆས་དེ་ནི་ཕྱི་ལོ་༢༠༡༦ ལོ་རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་ཡོད་པའི་(ByteDance) ཞེས་པའི་བཟོ་ཚོང་ཁང་གིས་བཟོ་སྐྲུན་བྱས་ཡོད་ཅིང། བཟོ་ཚོང་ཁང་དེ་ནི་རྒྱ་ནག་གཞུང་དང་འབྲེལ་བ་ཡོད་པ་ཞིག་ཆགས་ཡོད་འདུག རྒྱ་ནག་གཞུང་གིས་མཉེན་ཆས་དེ་བརྒྱུད་ནས་མི་སྒེར་དང་གཞུང་གི་གསང་བའི་གནས་ཚུལ་མང་དག་ཅིག་མཁོ་སྒྲུབ་བྱེད་ཀྱི་ཡོད་པའི་པར་བརྟེན། ཨ་རི་དང་ཁེ་ན་ཌ། ཐེ་ཝན་བཅས་ཀྱིས་རྒྱལ་ཁབ་དང་མི་སྒེར་གྱི་བདེ་འཇགས་ལ་ཉེན་ཁ་འཕྲད་ཀྱི་ཡོད་རབས་བརྗོད་ནས་མཉེན་ཆས་དེ་བཀག་སྡོམ་བྱས་ཡོད་འདུག
གཞན་ཡང་མཉེན་ཆས་དེའི་བརྒྱུད་ནས་ཀུན་སྤྱོད་དང་མི་མཐུན་པའི་བརྙན་ཐུང་སྤེལ་གྱི་ཡོད་པ་དང་གཞོན་སྐྱེས་ཚོ་ལམ་ལོག་པར་ཁྲིད་ཀྱི་ཡོད་པའི་རྒྱུ་མཚན་གྱིས་ཨབ་གྷན་ནི་སི་ཐན་དང་པ་ཀི་སི་ཐན་བཅས་ཀྱིས་ཀྱང་ཀྲི་ཀྲོ་མཉན་ཆས་བཀག་སྡོམ་བྱས་ཡོད་འདུག
ད་ལྟའི་ཆར་ཨ་རི་དང་ཁེ་ན་ཌ་བཅས་སུ་གཞུང་དང་འབྲེལ་བའི་འཕྲུལ་ཆས་རིགས་ཀྱི་ནང་ཀྲི་ཀྲོ་བཀག་སྡོམ་བྱས་ཡོད་ཀྱང་མི་མང་བྱིངས་ཀྱིས་ད་དུང་ཡང་ཕབ་ལེན་དང་བེད་སྤྱོད་གཏོང་ཐུབ་ཀྱི་ཡོད་འདུག་ལ། ཨ་རིའི་ནང་མི་མང་ས་ཡ་༡༡༣,༣ གྱིས་ཀྲི་ཀྲོ་བེད་སྤྱོད་གཏོང་གི་ཡོད་པ་དང་། ཨ་རི་ནི་རྒྱ་ནག་ཕུད་པའི་འཛམ་གླིང་ཐོག་ཀྲི་ཀྲོ་མཉེན་ཆས་བེད་སྤྱོད་གཏོང་མཁན་མང་ཤོས་ཀྱི་རྒྱལ་ཁབ་དེ་ཆགས་ཡོད་འདུག རྒྱལ་ཁབ་ཁག་གཅིག་གིས་ཀྲི་ཀྲོ་བཀག་སྡོམ་བྱས་ཡོད་ན་ཡང་ད་ལྟའི་ཆར་ཀྲི་ཀྲོ་བེད་སྤྱོད་གཏོང་མཁན་ཇེ་མང་དུ་འགྲོ་བཞིན་ཡོད་པ་དང་། ཕྱི་ལོ་༢༠༢༢ ལོ་འཛམ་གླིང་ཁྱོན་ཡོངས་ན་ཕབ་ལེན་བྱས་པའི་མཉེས་ཆས་ཨང་དང་པོ་དེ་ཀྲི་ཀྲོ་མཉེན་ཆས་ཆགས་ཡོད་པའི་གནས་ཚུལ་ཐོན་འདུག།
གསར་འགོད་པ། བློ་བཟང་རྒྱ་མཚོ།