རྒྱལ་གཅེས་དཔའ་བོ་ཚེ་དབང་ནོར་བུའི་རྗེས་དྲན་རོལ་དབྱངས་འདུ་འཛོམས།

ཟླ༢ ཚེས་༢༥ དགོང་མོར་བོད་རང་བཙན་སློབ་ཕྲུག་ཚོགས་པའི་གོ་སྒྲིག་འོག བོད་མི་རིགས་ཀྱི་ཆེད་དུ་སྐུ་སྲོག་གཏོང་གནང་མཁན། རྒྱལ་གཅེས་དཔའ་བོ་ཚེ་དབང་ནོར་བུ་སྐུ་གཤེགས་ནས་ལོ་གཉིས་ཧྲིལ་པོ་འཁོར་བའི་རྗེས་དྲན་གྱི་རོལ་དབྱངས་འདུ་འཛོམས་ཞིག ནིའུ་ཡོག་འཇག་སན་ཧ་ཊིར་གནང་སོང་། སྐུ་མགྲོན་དུ་སྤྱི་འཐུས་ཟུར་པ་ངག་དབང་ཐར་པ་དང་། ཆུ་སྒང་དབུས་རྒྱུན་ཚོགས་གཞོན་ཟུར་པ་འཆམ་ར་དྲི་མེད་རྒྱལ་མཚན་གཉིས་ཀྱི་གཙོས། བོད་རང་བཙན་སློབ་ཕྲུག་ཚོགས་པའི་ཚོགས་མི་མང་པོ་མཉམ་ཞུགས་གནང་འདུག སྤྱི་ཟུར་ངག་དབང་ཐར་པས་དཔའ་བོ་ཚེ་དབང་ནོར་བུའི་སྐུ་ཚེའི་ལོ་རྒྱུས་ངོ་སྤྲོད་དང་འབྲེལ་བའི་གཏམ་བཤད་བྱས་རྗེས། འཆམ་ར་དྲི་མེད་རྒྱལ་མཚན་དང་། སློབ་ཕྲུག་ཚོགས་མི་ཁག་ཅིག་གིས་སྙན་ངག་བསྐྱོར་སོང་ལ། བློ་བཟང་ཚེ་བརྟེན་ལགས་ཀྱིས་གཙོས་པའི་ཚོགས་མི་ཁག་གཅིག་གིས་རོལ་དབྱངས་བཏང་སོང་། དེ་རྗེས་ཚེ་དབང་ནོར་བུས་གཏོང་གནང་བའི་གཞས་ཀྱི་བརྙན་ཐུང་ཁག་ཅིག་སྟོན་རྗེས་འདུ་འཛོམས་དེ་གྲོལ་སོང་། རྒྱལ་གཅེས་དཔའ་བོ་ཚེ་དབང་ནོར་བུ། རིགས་གཟུགས་ལང་ཚོའི་ཁོ་ལག་ཡོངས་སུ་རྫོགས།། ཤེས་བྱའི་གཤོག་ཟུང་ཡངས་པའི་མཁའ་ལ་ཕྱོགས།། དཔལ་དང་འབྱོར་བ་ཀླུ་དབང་འགྲན་ནུས་ཀྱང་།། ས་ཤོར་བོད་པའི་དཀའ་སྡུག་ཡིད་ལ་བཅངས།། ས་དྲུག་སེམས་པ་རྒྱུད་མང་ལྷན་དུ་བཀྲོལ།། གླུ་སྒྲ་སྙན་མོས་འགྲན་ཞུགས་ཁེངས་པ་མནན།། རོལ་དབྱངས་སྒྱུ་རྩལ་མི་རིགས་ཆེན་མོར་བསྟན།། དཔྱད་གདེམས་མི་སྣའི་ཕྲག་དོགས་མེ་ལྕེས་བསད།། རྒྱལ་ས་ལྷ་སར་མེ་བརྡ་ཐེངས་གཅིག་བཏང་།། གྲུ་འཛིན་ཞིང་དུ་མཆོད་མེ་རྐང་གཅིག་སྤར།། བོད་མིར་དཀའ་སྡུག་ཡོད་པའི་ཟུར་གཅིག་བསྟན།། འཛམ་གླིང་མི་ལ་རེ་འབོད་ཐེངས་གཅིག་ཕུལ།། གཞན་འཚེ་མེད་པའི་སྒོ་ནས་རང་ལུས་སྲེག།། རང་རིགས་དཀའ་སྡུག་གོ་ལའི་ཁྱོན་ལ་བསྟན།། བོད་མིའི་རང་དབང་ཆེད་དུ་ལུས་སྲོག་ཕུལ།། བྱང་སེམས་འཕགས་པ་ཟེར་བ་ཁྱོད་མིན་སུ།། ~ རྒྱལ་གཅེས་དཔའ་བོ་ཚེ་དབང་ནོར་བུ་སྐུ་གཤེགས་ནས་ལོ་གཉིས་ཧྲིལ་པོ་འཁོར་བའི་ཉིན་རྗེས་དྲན་དུ་ཕུལ། སྤྱི་ཟུར་ངག་དབང་ཐར་པས་གནས་ཚུལ་དང་རྗེས་དྲན་སྙན་རྩོམ་མཁོ་སྤྲོད་གནང་།

གཞས་པ་ཚེ་དབང་ནོར་བུ་ནི། ཕྱི་ལོ་༡༩༩༦ ལོར་བོད་ཀྱི་ནག་ཆུ་གྲོང་ཁྱེར་དུ་སྐྱེས་པ་དང་། ཁོང་གི་ཕ་མིང་ལ་ཆོས་རྒན་ཟེར་ཞིང་། ནག་ཆུ་དཔལ་མགོན་རྫོང་ནས་ཡིན་པ་དང་། ནག་ཆུ་གྲོང་ཁྱེར་ཟློས་གར་ཚོགས་པའི་དགེ་རྒན་ཡིན་འདུག ཁོང་རྒྱལ་ཡོངས་ཀྱི་རིམ་པ་དང་པོའི་གཞས་གདངས་རྩོམ་པ་པོ་དང་རོལ་དབྱངས་མཁས་པ་ཞིག་ཡིན་ལ། ཁོང་གི་ཨ་མ་ནི་བོད་ཀྱི་གཞས་མ་གྲགས་ཅན་སོག་ཤོད་བསོད་ནམས་དབང་མོ་ཡིན་པ་དང་། ཆབ་སྲིད་བཙོན་པ་གྲགས་ཅན་སོག་མཁར་བློ་གྲོས་རྒྱ་མཚོའི་ཚ་བོ་ཡིན་པ་རེད། ཁོང་ནི་རྒྱ་བོད་གཉིས་ལ་ལྷག་ཏུ་གྲགས་ཆེ་ལ་དགའ་བསུ་ཐོབ་པའི་ན་གཞོན་གྱི་གཞས་པ་ཞིག་ཡིན་པ་དང་། རང་ལོ་ཉེར་༢༦ ཐོག་ཁོང་གིས་གཅེས་པའི་ལུས་སྲོག་བོད་ཁ་ཅན་གྱི་ཆེད་དུ་ཕུལ་ནས། ༢༠༢༤ ལོ་འདིར་ལོ་ངོ་ཧྲིལ་པོ་གཉིས་ཏག་ཏག་འཁོར་གྱི་ཡོད་པ་རེད།