རྒྱལ་དར་འགུལ་རིས་ནང་བོད་རྒྱལ་དར་ཚུད་ཐབས་ཀྱི་ལས་འགུལ།
བོད་རྒྱལ་དར་གྱི་འགུལ་རིས་(emoji) འཛམ་གླིང་གི་རྒྱལ་ཁབ་གཞན་གྱི་རྒྱལ་དར་དང་གཅིག་མཚུངས་སུ་སྤྱི་ཚོགས་དྲ་ལམ་ཁག་ཏུ་བེད་སྤྱོད་བྱེད་བཞིན་པའི་འགུལ་རིས་ཚན་པའི་ནང་ཚུད་ཐབས་ཀྱི་ལས་འགུལ་ཞིག་སྤེལ་གྱི་ཡོད་པ་རེད།
ཨ་རིར་གནས་སྡོད་བོད་པའི་བུ་མོ་པདྨ་སྒྲོལ་མ་དང་། དབྱིན་ཡུལ་ལོན་ཌོན་དུ་རྟེན་གཞི་བྱས་པའི་བོད་དོན་རྒྱབ་སྐྱོར་ཚོགས་པ་(Free Tibet) ཞེས་པའི་ཚོགས་པའི་ཚོགས་མི་དབྱིན་ཇི་བ་ཨེན་ཌིར་མ་ཡོར་སི་(Andrew Myors) གཉིས་ཀྱིས་ཟླ་འདིའི་ཕྱི་ཚེས་༡༣ ནས་འགོ་འཛུགས་ཀྱིས། མང་ཚོགས་ནས་དྲ་ཐོག་ཞལ་འདེབས་དང་རྒྱབ་སྐྱོར་འཚོལ་སྒྲུབ་ཀྱི་ལམ་ནས། བོད་ཀྱི་རྒྱལ་དར་གྱི་འགུལ་རིས་(emoji) འཛམ་གླིང་གི་རྒྱལ་ཁབ་གཞན་གྱི་རྒྱལ་དར་དང་གཅིག་མཚུངས་སུ་སྤྱི་ཚོགས་དྲ་ལམ་ཁག་ཏུ་བེད་སྤྱོད་བྱེད་བཞིན་པའི་འགུལ་རིས་ཚན་པའི་ནང་ཚུད་ཐབས་ཀྱི་ལས་འགུལ་ཞིག་སྤེལ་བཞིན་འདུག
དེ་ཡང་འགུལ་རིས་གསར་པ་ཞིག་འགུལ་རིས་ཚན་པའི་ནང་ཚུད་པར་ཐོག་མར་(Unicode Consortium) ཞེས་པའི་ཚོགས་པར་གྲོས་འགོ་འདོན་དགོས་ཀྱི་ཡོད་འདུག་པ་དང་། གྲོས་འགོ་འདོན་ཆེད་དུ་མང་ཚོགས་ཧ་ཅང་མང་པོའི་རྒྱབ་སྐྱོར་དགོས་ཀྱི་ཡོད་སྟབས། ལས་འགུལ་བ་གཉིས་ཀྱིས་མང་ཚོགས་དང་དངོས་སུ་ཐུག་འཕྲད་བྱེད་པ་དང་། དེ་བཞིན་སྤྱི་ཚོགས་དྲ་ལམ་ཁག་བཅས་བརྒྱུད་ནས་དེའི་སྐོར་གྱི་གོ་རྟོགས་སྤེལ་བ་དང་། ཞལ་འདེབས་སློང་བ་སོགས་ཀྱི་སྒོ་ནས་མང་ཚོགས་ཀྱི་རྒྱབ་སྐྱོར་བཙལ་ཏེ། རྒྱབ་སྐྱོར་འདང་ངེས་ཐོབ་ཚེ་བོད་རྒྱལ་དར་གྱི་འགུལ་རིས་དེ་འགུལ་རིས་ཚན་པའི་ནང་འཇུག་ཐུབ་རྒྱུའི་ནུས་པ་ཐོན་སྲིད་པ་རེད་འདུག
(Unicode Consortium) ཞེས་པའི་ཚོགས་པས་ལོ་རེའི་ནང་ལྷན་ཚོགས་ཐེངས་ཁ་ཤས་འཚོགས་ནས་འགུལ་རིས་གསར་པ་ག་རེ་དང་ག་རེ་འཇུག་དགོས་མིན་ཐོག་གོ་བསྡུར་བྱེད་ཀྱི་ཡོད་འདུག་པ་དང་། སྐབས་དེ་དུས་འགུལ་རིས་གསར་པ་ཞིག་འགུལ་རིས་ཚན་པའི་ནང་འཇུག་དགོས་མིན་གྱི་གཞི་འཛིན་ས་གཅིག་མང་ཚོགས་ཀྱི་རྒྱབ་སྐྱོར་དང་། བཀོལ་སྤྱོད་བྱེད་མཁན་མང་པོ་ཡོང་སྲིད་མིན་གྱི་ཚོད་རྩིས་དེ་ཡིན་འདུག
ཁོང་གཉིས་ཀྱི་ལས་འགུལ་ལམ་ལྷོངས་ཡོང་ཆེད་དུ་སྤྱི་ཚོགས་དྲ་རྒྱ་ཨིན་སི་ཊ་གྷི་རམ་(Instagram) གྱི་ཁ་བྱང་(#inserttibetanflag) ཞེས་པ་ལ་རྗེས་སུ་འཇུག་མཁན་མང་པོ་དགོས་ཀྱི་ཡོད་འདུག་པ་དང་། དེ་བཞིན་(Unicode Consortium) ཚོགས་པར་གྲོས་འགོ་འདོན་ཆེད་དུ་དེ་དང་འབྲེལ་བའི་ཆེད་ལས་མི་སྣ་ཞིག་གླ་བ་དང་། མང་ཚོགས་ལ་གོ་རྟོགས་སྤེལ་བ་གཉིས་ཀྱི་ཆེད་དུ་ཨ་སྒོར་༢༥,༠༠༠ ཞལ་འདེབས་རག་རྒྱུའི་དམིགས་ཚད་བཟུང་བཞིན་འདུག ད་ལྟའི་ཆར་ཁོང་གཉིས་ལ་ཨ་སྒོར་༢,༢༡༤ ཡི་ཞལ་འདེབས་རག་ཟིན་འདུག་ཀྱང་། ཞལ་འདེབས་སྤྲོད་མཁན་ཚོས་དེ་རིང་ནས་བརྩིས་པའི་འབྱུང་འགྱུར་ཟླ་ངོ་གཉིས་ཀྱི་ནང་ཚུད་ལ་ངེས་པར་དུ་ཞལ་འདེབས་སྤྲད་ཐུབ་དགོས་ཀྱི་ཡོད་འདུག་པ་དང་། དེ་བཞིན་ལས་འགུལ་འདིར་གྲུབ་འབྲས་ཐོན་རྒྱུར་ལོ་གཉིས་ཙམ་འགོར་སྲིད་པའི་གནས་ཚུལ་ཡང་འདུག
དེ་ཡང་པདྨ་སྒྲོལ་མས་ལས་འགུལ་དེ་སྤེལ་དགོས་པའི་རྒྱུ་མཚན་གྱི་སྐོར་སྤྱི་ཚོགས་དྲ་རྒྱའི་ཐོག་བརྙན་ཐུང་ཁྱབ་སྤེལ་བྱས་པའི་ནང་། “ངའི་མིང་ལ་པདྨ་ཟེར། ང་རང་ཝ་ཤིང་ཊོན་རྒྱལ་ས་ནས་ཡིན་པའི་བོད་པ་ཨ་རི་བའི་སློབ་མ་ཞིག་ཡིན། བོད་པ་ཨ་རི་བ་ཞིག་ཡིན་པའི་ཆ་ནས་དེ་གཞིར་བཞག་ཐོག་ངས་ནམ་རྒྱུན་འཚོ་བའི་ཁྲོད་དུ་ང་རང་གི་གྲོགས་པོ་དང་། ནང་མི་ལ་འགུལ་རིས་བརྒྱུད་འབྲེལ་བ་བྱེད་པ་དང་སོ་སོ་ངོ་སྤྲོད་བྱེད་ཀྱི་ཡོད་ཀྱང་། བོད་རྒྱལ་དར་གྱི་འགུལ་རིས་མེད་པའི་རྒྱུ་མཚན་ལས་ངས་སོ་སོ་གང་ཡིན་པ་དེའི་ངོ་བོའི་ཐོག་ནས་འབྲེལ་བ་བྱེད་མི་ཐུབ་པའི་སྟོང་ཆ་ཆེན་པོ་ཞིག་འདུག”ཅེས་དང་། བོད་རྒྱལ་དར་གྱི་འགུལ་རིས་ཤིག་འགུལ་རིས་ཚན་པའི་ནང་ཡོད་ན་དེས་སྟོང་ཆ་ཆེན་པོ་ཞིག་བསྐོང་ཐུབ་ཀྱི་ཡོད་པ་དང་། བོད་རྒྱལ་དར་གྱིས་བོད་པའི་ཐུན་མོང་མ་ཡིན་པའི་སྐད་ཡིག་དང་། རིག་གནས། ངོ་བོ་བཅས་མཚོན་གྱི་ཡོད་སྐོར་བཅས་བརྗོད་འདུག
གཞན་ཡང་སྤྱི་ཚོགས་དྲ་རྒྱ་ཨིན་སི་ཊ་གྷི་རམ་(Instagram) གྱི་ཁ་བྱང་(#inserttibetanflag) ཞེས་པའི་ཐོག དེང་གི་ཆར་རྒྱལ་དར་གྱི་འགུལ་རིས་ཀྱི་གལ་ཆེའི་རང་བཞིན་སྤྱི་དང་། ལྷག་པར་ན་གཞོན་མི་རབས་གསར་པ་རྣམས་ལ་གལ་ཆེན་པོ་ཇི་ལྟར་ཆགས་ཡོད་མེད་སོགས་བཀོད་འདུག །
གསར་འགོད་པ་བཀྲ་ཤིས་དོན་གྲུབ། འབྲེལ་ཡོད་གནས་ཚུལ་དྲ་འབྲེལ།