རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་གཙོ་འཛིན་ནས་བོད་ནང་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ལ་ཡར་རྒྱས་ཀྱི་རྣམ་པར་མེད་པ་གསལ་འདོན་གནང་འདུག

མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཐེངས་༦༠ པའི་དབུ་འབྱེད་ཐོག མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་གཙོ་འཛིན་གྱིས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ལ་ཡར་རྒྱས་ཀྱི་རྣམ་པ་མེད་པ་གསལ་བཏོན་བྱས་འདུག

པར། United Nations

ཕྱི་ལོ་༢༠༢༥ ཟླ་༩ ཚེས་༨ ཉིན། མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཐེངས་༦༠ པའི་དབུ་འབྱེད་ཐོག མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་གཙོ་འཛིན་སྐུ་ཞབས་ཝོལ་ཀེར་ཊུརྐ་༼Volker Türk༽ མཆོག་གིས་འཛམ་གླིང་ཁྱོན་ལ་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ནི་སྔར་མེད་པའི་ཉེན་ཁ་ཞིག་ལ་ཐུག་ཡོད་པའི་ཉེན་བརྡ་བཏང་ཡོད་པ་མ་ཟད། ཡུག་རེན་དང་སུ་ཌན། འབར་མ་དང་གྷ་རྫ་བཅས་སུ་འབར་རྫས་དང་མནར་གཅོད། ཆགས་སྲེད་ཀྱི་དྲག་སྤྱོད། ཆབ་སྲིད་ཀྱི་དྲག་གནོན་སོགས་ཀྱི་བྱ་སྤྱོད་ལ་ཉེས་འཛུགས་བྱས་ཡོད་འདུག
བོད་མིའི་སྒྲིག་འཛུགས་ཀྱི་དྲྭ་ཐོག་ཏུ་དེ་འབྲེལ་གནས་ཚུལ་སྤེལ་གསལ་ལྟར་ན། མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཐེངས་༦༠ པའི་དབུ་འབྱེད་ཐོག མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་གཙོ་འཛིན་སྐུ་ཞབས་ཝོལ་ཀེར་ཊུརྐ་༼Volker Türk༽ མཆོག་གིས་ཁོང་གི་ལྷན་ཁང་གི་ངོས་ནས་རྒྱ་ནག་དང་མུ་མཐུད་འབྲེལ་བ་བྱེད་བཞིན་ཡོད་ཀྱང་། ཤར་ཏུར་ཀི་སི་ཏན་དུ་ཡུ་གུར་དང་ཁ་ཆེའི་གྲངས་ཉུང་མི་རིགས་དང་། བོད་ནང་གི་བོད་མི་རྣམས་ཀྱི་ཐོབ་ཐང་སྲུང་སྐྱོབ་ཐད་ཡར་རྒྱས་ཀྱི་རྣམ་པ་མེད་པའི་གནས་ཚུལ་སྐོར་གསུངས་ཡོད་འདུག
མཐར་ཁོང་གིས་མི་རིགས་ཐོབ་ཐང་གི་ཁྱབ་ཚད་དང་དབྱེ་མེད་ཀྱི་ཁྱད་ཆོས་སྐོར་གསུངས་ཤིང་། དེ་དག་སྲུང་སྐྱོབ་བྱ་རྒྱུ་ནི་མི་རིགས་ཐམས་ཅད་ཀྱི་བདེ་དོན་ཆེད་དུ་གལ་ཆེན་པོ་ཡིན་པ་བསྐྱར་ནན་གནང་། དེ་བཞིན་འཛམ་གླིང་གི་གདུང་སེམས་མཉམ་སྐྱེའི་ལས་འགུལ་བསྐྱར་བཟོ་དང་། ཐོབ་ཐང་དེ་དག་སྲུང་སྐྱོབ་ལ་ལག་བསྟར་གནང་དགོས་པའི་འབོད་སྐུལ་གནང་ཞིང་། གལ་ཏེ་གཟུ་བོར་གནས་ཏེ་ལག་བསྟར་གང་ཡང་མ་གནང་ཚེ་ཞི་བདེ་དང་དྲང་བདེན་གྱི་རིན་ཐང་ལ་ཉེན་ཁ་ཡོད་པ་ཉེན་བརྡ་བཏང་ཡོད་འདུག
གཞན་ཡང་། བོད་མིའི་སྒྲིག་འཛུགས་ཀྱི་དྲ་ཐོག་ཏུ། རྒྱ་ནག་གིས་བོད་རང་སྐྱོང་ལྗོངས་ཟེར་བ་བཙུགས་ནས་ལོ་༦༠ འཁོར་བའི་ཉིན་རྒྱ་ནག་གིས་ལོ་བཅུ་ཕྲག་རིང་། དཔལ་འབྱོར་གྱི་འཕེལ་རྒྱས་དང་། འཛུགས་སྐྲུན་ཡར་རྒྱས། དེང་རབས་ཅན་དུ་སྒྱུར་བའི་ལས་གཞི་བཅས་རྒྱ་གཞུང་གི་འགོ་ཁྲིད་འོག ཡང་རྒྱས་ཀྱི་རྣམ་པ་ཞིག་ཏུ་སྲུང་བརྩི་ཞུས་ཡོད་ན་ཡང་། རང་དབང་རྟོག་ཞིབ་ལ་གཞིགས་ན། བོད་མི་ཕལ་ཆེ་བར་སྤྱི་ཚོགས་དང་རིག་གཞུང་། ཆབ་སྲིད་ཀྱི་དམ་དྲག་མྱོང་བཞིན་ཡོད་པས་དོན་དངོས་དང་ཐ་དད་ཡིན་པ་གསལ་སྟོན་གནང་ཡོད་པ་བརྗོད་འདུག
ལྷག་པར་དུ་ཉེ་ཆར་ཆབ་སྲིད་བཙོན་པ་ཨ་སངས་སོགས་ཀྱིས་༸གོང་ས་མཆོག་ལ་བསྟོད་གླུ་ཕུལ་བར་བརྟེན། བཙན་བཟུང་བྱས་པ་ནི་ཆོས་ཕྱོགས་དང་རིག་གཞུང་གི་བྱ་བ་ལ་དམ་དྲག་བྱས་པ་དང་། རྒྱ་གཞུང་གིས་རྡོ་རྗེ་བཀྲ་ཤིས་ཡུན་རིང་བཙོན་འཛུག་བྱས་པར་བརྟེན། ཁོང་གི་གཅེན་མོ་མགོན་པོ་སྐྱིད་ཀྱིས་རང་ཤི་རྒྱག་ཐབས་བྱས་ཡོད་པ། ཉེ་ཆར་སྤྲུལ་སྐུ་དཔལ་ལྡན་དབང་རྒྱལ་རྒྱ་ནག་གི་བཙོན་འཇུག་འོག་འདས་གྲོངས་སུ་གྱུར་བ་སོགས་ནི་བོད་མི་ལས་འགུལ་བ་དང་། ཆོས་ཕྱོགས་ཀྱི་དབུ་ཁྲིད་རྣམས་ལ་ཉེན་ཁ་ཡོད་པ་གསལ་པོར་མཚོན་ཐུབ་ཅེས་སྤེལ་འདུག།།
གསར་འགོད་པ། བློ་བཟང་རྒྱ་མཚོ།