རྒྱལ་ཚོགས་ཀྱི་ཛ་དྲག་ཚོགས་འདུའི་སྐབས་ཨི་རན་དང་ཨི་སི་རེལ་གྱི་སྐུ་ཚབ་བར་སྐྱོན་འཛུགས་བྱེད་རེས།
ཟླ་འདིའི་ཚེས་༡༥ ཉིན་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ་ལྟར་ན། འདས་པའི་ལོ་མང་རིང་ཨི་སི་རེལ་དང་ཨི་རན་བར་འཁོན་འཛིན་བྱུང་ཡོད་པ་དང་། ལྷག་པར་དུ་ཧ་མ་སིས་ཨི་སི་རེལ་ལ་གཏོར་རྒོལ་བྱུང་བ་ནས་བཟུང་ཕྱོགས་གཉིས་ཀྱི་འབྲེལ་ལམ་ཇེ་སྡུག་ཏུ་ཕྱིན་ཏེ་མཐར་ཨི་རན་གྱིས་ཨི་སི་རེལ་ལ་གཏོར་རྒོལ་གྱི་གནས་ཚུལ་དེ་བྱུང་ཡོད་འདུག

སྔ་ལོའི་ཕྱི་ཟླ་༧ པའི་ནང་ཧ་མ་སི་དམག་དཔུང་གིས་ས་མཚམས་བརྒལ་ནས་ཨི་སི་རེལ་གྱི་ས་ཐོག་ཏུ་མི་མང་༡༢༠༠ ་བསད་ཡོད་པ་དང་། མི་གྲངས་༢༥༠ ་ཙམ་འཛིན་བཟུང་གིས་བཙན་ཁྲིད་བྱས་རྗེས། ཨི་སི་རེལ་གྱིས་རྒོལ་ལན་བསླགས་ནས་ད་བར་དུ་གྷ་རྫའི་ནང་མི་གྲངས་༣༣༧༠༠ ་ལྷག་བསད་ཡོད་པ་དང་འཆི་མཁན་ཕལ་ཆེ་བ་ནི་བྱིས་པ་དང་བུད་མེད་ཆགས་ཡོད་འདུག ཧ་མ་སིས་ཨི་སི་རེལ་ལ་གཏོར་རྒོལ་བྱེད་སྐབས། ས་ཁུལ་གཞན་ལ་ཡོད་པའི་ཨི་སི་རེལ་གྱི་དགྲ་བོ་དག་ཀྱང་ཁོ་ཚོ་དང་མཉམ་དུ་ཡོང་བའི་རེ་བ་བྱས། ཕྱོགས་གཞན་ཞིག་ནས་ཨ་རིས་ཨི་སི་རེལ་གྱི་དགྲ་བོ་རྣམས་ལ་ཧ་མ་སིའི་ཕྱོགས་སུ་མི་འགྲོ་བའི་ཉེན་བརྡ་བཏང་བ་མ་ཟད། དབུས་ཤར་ཕྱོགས་ལ་དམག་དོན་རོགས་རམ་བྱས་ཡོད་འདུག
ཟླ་བདུན་པའི་ཚེས་༨ ་དང་ཧ་མ་སིས་ཨི་སི་རེལ་ལ་གཏོར་རྒོལ་བྱས་ནས་ཉིན་གཉིས་པ་ནས་བཟུང་། ཨི་རན་གྱི་རྒྱབ་སྐྱོར་ཡོད་པའི་ཧེ་ཛི་བྷོ་ལ་(Hezbollah) ་ཞེས་པའི་དྲག་དཔུང་གིས་ཟླ་བ་མང་པོའི་རིང་ལེ་བྷན་ནོ་(Lebanese) ་རྒྱལ་ཁབ་ནས་ཨི་སི་རེལ་ལ་དྲག་རྒོལ་བྱས་ཡོད་འདུག ཕྱོགས་གཉིས་བར་དམག་འཁྲུག་མི་ཆེ་ཡང་། ད་བར་ས་མཚམས་སུ་ཡོད་པའི་མི་སེར་སྟོང་ཕྲག་མང་པོ་གནས་སྤོ་བྱེད་དགོས་བྱུང་འདུག
ན་ནིང་ཕྱི་ཟླ་༡༡ ནང་། ཨི་རན་གྱི་རྒྱབ་སྐྱོར་ཡོད་པའི་ཡེ་མེན་གྱི་ཧུ་ཏེ་(Houthis) གྱེན་ལོག་ཚོགས་པས་ཨི་སི་རེལ་གྱིས་ཧ་མ་སི་ལ་གཏོར་རྒོལ་མཚམས་འཇོག་ཡོང་ཆེད་མཚོ་དམར་གྱི་གྲུ་གཟིངས་ལ་འཕུར་མདའ་དང་ཌོ་རོན་གྱིས་གཏོར་རྒོལ་བྱས་ཡོད་པ་མ་ཟད། ཨི་སི་རེལ་གྱི་ཕྱོགས་སུ་ཡང་འཕུར་མདའ་འཕངས་ཡོད་ཀྱང་། མང་ཆེ་བ་ཨི་སི་རེལ་གྱིས་མཁའ་དབྱིངས་སུ་གཏོར་ནས་དམིགས་འབེན་དུ་གྱུར་ཐུབ་མེད་པ་རེད་འདུག
ཟླ་འདིའི་ཚེས་༡ ་ཉིན་སི་རི་ཡའི་རྒྱལ་ས་རྡ་མ་སི་ཁོར་(Damascus) ་ཡོད་པའི་ཨི་རན་གྱི་གཞུང་ཚབ་ཁང་ལ་གཏོར་རྒོལ་བྱུང་ནས་ཨི་རན་གྱི་དམག་སྤྱི་གཉིས་དང་མི་གྲངས་༡༡ ཙམ་བསད་ཡོད་པ་དང་། ཨི་རན་གྱིས་གཏོར་རྒོལ་དེའི་ངན་ཁག་ཨི་སི་རེལ་ལ་གཡོགས་ནས་དགྲ་ཤ་ལེན་རྒྱུའི་དམ་བཅའ་བཞག་པར་ལྟར། ཟླ་འདིའི་ཚེས་༡༤ ཉིན་ཌོ་རོན་དང་འཕུར་མདའ་༣༠༠ ལྷག་ཨི་སི་རེལ་ལ་གཡུགས་ཡོད་འདུག
འདས་པའི་ལོ་རྒྱུས་ལ་བལྟས་ན། ཕྱོགས་གཉིས་ཀྱི་འབྲེལ་ལམ་ནི་དེ་རིང་གི་འབྲེལ་བ་ལྟར་ཧ་ཅང་སྡུག་པོ་ཞིག་ཡིན་མི་འདུག། ཕྱི་ལོ་༡༩༤༨ ལོ་ཨི་སི་རེལ་གྱིས་རྒྱལ་ཁབ་གསར་འཛུགས་བྱེད་སྐབས། ཨི་རན་ནི་ཨི་སི་རེལ་རྒྱལ་ཁབ་ཅིག་ལ་ངོས་འཛིན་བྱེད་མཁན་གྱི་རྒྱལ་ཁབ་ཐོག་མའི་གྲས་ཡིན་པ་མ་ཟད། ཕྱོགས་གཉིས་བར་ཚོང་འབྲེལ་ཡང་བཟང་དུ་ཕྱིན་ཡོད་འདུག ཕྱི་ལོ་༡༩༧༩ ལོའི་རྗེས་སུ་རྒྱལ་ཁབ་གཉིས་ཀྱི་བར་འབྲེལ་ལམ་མཚམས་ཆད་པ་དང་།
དུས་དེ་ནས་བཟུང་ཨི་རན་གྱིས་ཨ་རི་དང་ཨི་སི་རེལ་ལ་རྒྱབ་འགལ་བྱེད་མཁན་གྷ་རྫ་ལ་ཡོད་པའི་ཧ་མ་སི་དམག་དཔུང་དང་ལེ་བྷན་ནོ་ལ་ཡོད་པའི་ཧུ་ཏེ་དྲག་དཔུང་སོགས་ལ་མ་དངུལ་བཏང་བ་སོགས་ཀྱིས་རྒྱབ་སྐྱོར་བྱེད་ཀྱི་ཡོད་འདུག ད་ལྟའི་ཆར་ཨི་རན་གྱི་རྒྱབ་སྐྱོར་འོག་ཏུ་ཡོད་པའི་དམག་དཔུང་ཙམ་མིན་པར་ཨི་རན་དང་ཨི་སི་རེལ་བར་ཐད་ཀར་གདོང་ཐུག་བྱུང་ཡོད་པར་བརྟེན། ཕྱོགས་གཉིས་ཀྱི་གནས་སྟངས་ཛ་དྲག་ཏུ་གྱུར་ཞིང་། ཨི་རན་གྱི་གཏོར་རྒོལ་ལ་ཨི་སི་རེལ་གྱིས་འཁོན་ལན་སློག་རྒྱུ་ཡིན་ཞེས་བརྗོད་ཡོད་པས་ཚང་མས་སེམས་འཚབ་བྱེད་དགོས་པའི་གནས་སུ་གྱུར་ཡོད་འདུག
ཨི་རན་དང་ཨི་སི་རེལ་གཉིས་ཀྱི་གནས་སྟངས་དང་འབྲེལ་རེས་གཟའ་ཉི་མའི་ཉིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བདེ་འཇགས་ལྷན་ཁང་གིས་ཛ་དྲག་ཚོགས་འདུ་ཞིག་བསྐོངས་ཡོད་འདུག སྐབས་དེར་རྒྱལ་ཚོགས་ཀྱི་དབུས་ཤར་ཁུལ་དུ་ཐད་ཀར་འཁྲུག་རྩོད་ཆེན་པོ་ཞིག་འབྱུང་རྒྱུའི་ཉེན་ཁ་ཡོད་པས་ཕྱོགས་གཉིས་ཀྱིས་དམག་འཁྲུག་ལ་སྟངས་འཛིན་དགོས་པའི་འབོད་སྐུལ་ཞུས་ཡོད་འདུག རྒྱལ་ཚོགས་ཀྱི་དྲུང་ཆེས་ད་ནི་དམག་འཁྲུག་མཚམས་འཇོག་པའི་དུས་ཚོད་རེད་ཅེས་བརྗོད་འདུག
ཚོགས་ཐོག་ཏུ་ཨི་རན་གྱི་སྐུ་ཚབ་ཀྱིས་ཨི་རན་གྱིས་ཨི་སི་རེལ་ལ་གཏོར་རྒོལ་བྱས་པ་ནི་དགོས་ངེས་ཤིག་དང་འོས་འཚམས་ཞིག་ཡིན་པ་དང་། ཨི་རན་གྱི་དོན་གཅོད་ཁང་ལ་གཏོར་རྒོལ་བྱས་པར་རྒྱལ་ཚོགས་ཀྱིས་སྐྱོན་བརྗོད་མ་བྱས་པར་བརྟེན། བདེ་འཇགས་ལྷན་ཁང་གིས་རྒྱལ་སྤྱིའི་ཞི་བདེ་དང་བདེ་འཇགས་རྒྱུན་སྲིང་བྱེད་པའི་ལས་འགན་བསྒྲུབས་མེད་ཅེས་དང་། ཨི་རན་ལ་ལན་སློག་རྒྱུ་ལས་འདམ་ཁ་གཞན་མེད་པ་དང་ཨི་རན་གཞུང་ལ་དམག་འཁྲུག་ཇེ་ཆེ་རུ་གཏོང་རྒྱུའི་བསམ་བློ་མེད་ཀྱང་ཉེན་ཁ་དང་དྲག་རྒོལ་གང་ཞིག་བྱུང་རུང་ལན་སློག་རྒྱུ་ཡིན་ཞེས་བརྗོད་འདུག
ཨི་སི་རེལ་གྱི་སྐུ་ཚབ་ཀྱིས་ཨི་རན་ནི་འཇིགས་སྐུལ་རིང་ལུགས་ཀྱི་འགྲོ་གྲོན་གཏོང་མཁན་དང་མཚོ་ཇག་རྒྱལ་ཁབ་ཨང་དང་པོ་དེ་རེད་ཅེས་དང་། ཨི་རན་གྱི་གཏོར་རྒོལ་གྱིས་དམར་ཐིག་ཡོད་ཚད་བརྒལ་ཡོད་པས་ཨི་སི་རེལ་གྱིས་འཁོན་ལན་སློག་རྒྱུའི་ཐོབ་ཐང་གློད་མེད་ཅེས། རྒྱལ་ཚོགས་ནང་སྐུ་ཚབ་ཕན་ཚུན་བར་ཞི་བདེ་ལ་ཉེན་ཁ་བཟོ་བཞིན་པའི་སྐྱོན་འཛུགས་བྱེད་རེས་དང་། ཕན་ཚུན་ཚིག་རྩུབ་སྤྱད་ནས་རྒྱལ་ཚོགས་ཀྱིས་གཅིག་གིས་གཅིག་ལ་ཉེས་ཆད་གཅོད་དགོས་པའི་འབོད་སྐུལ་ཞུས་པ་སོགས་བྱས་ཡོད་འདུག།།
གསར་འགོད་པ། བློ་བཟང་རྒྱ་མཚོ།