རྒྱལ་ཡུམ་ཆེན་མོའི་རྩེད་འགྲན་ཐེངས་༢༩ པ་དུས་ལྟར་མཇུག་བསྡུ་ཐུབ་མི་འདུག

ཟླ་འདིའི་ཚེས་༢༨ ་ཉིན་ཧོན་སུར་རབ་རྒྱས་གླིང་གཞིས་ཆགས་སུ་རྒྱལ་ཡུམ་ཆེན་མོའི་དྲན་རྟེན་གསེར་གྱི་རྟགས་མའི་རྐང་སྤོལ་འགྲན་བསྡུར་ཐེངས་༢༩ པའི་མཐའ་མའི་རྟིང་རྩོད་འགྲན་བསྡུར་དེ་དྷ་ས་ཆིག་སྒྲིལ་རུ་ཁག་དང་མོན་གྷོ་འདོད་རྒུ་གླིང་རུ་ཁག་བར་ཁེལ་ཡོད་ན་ཡང་། རྩེད་འགྲན་འགོ་འཛུགས་ལ་ཉེ་བའི་སྐབས་སུ། གྷོ་ལ་ཐ་ལའི་རུ་ཁག་གི་རྒྱབ་སྐྱོར་བ་ཚོས་རྟིང་རྩོད་འགྲན་བསྡུར་ནང་བསླེབ་མཁན་དྷ་ས་ཆིག་སྒྲིལ་རུ་ཁག་གི་རྩེད་འགྲན་པ་རེ་གཉིས་ལ་དཔྱ་ཁྲལ་ལག་དེབ་མེད་པ་དང་དཔྱ་ཁྲལ་ལག་དེབ་རྫུན་བཟོ་བྱས་ཡོད་རབས་བརྗོད་ནས་ངོ་རྒོལ་བྱས་པར་བརྟེན། རྩེད་འགྲན་འཕར་འགྱངས་བྱེད་དགོས་བྱུང་ཡོད་འདུག

བརྒྱུད་ལམ་ཁག་ཏུ་འགྲོ་བཞིན་པ་འབྲེལ་ཡོད་ཀྱི་གསལ་བཤད་བརྙན་ལ་བལྟས་ན་གནས་ཚུལ་དེའི་དབང་གིས་འབྲེལ་ཡོད་ཚོས་མདང་དགོས་མཚན་གྱི་ཆུ་ཚོད་༡༢ མ་ཟིན་ཙམ་བར་ཚོགས་འདུ་ཚོགས་འདུག་ཀྱང་། ཐག་གཅོད་གང་བྱུང་ཡོད་མེད་ཐོག་འདི་གའི་གསར་འགོད་པས་འབྲེལ་ཡོད་དག་ལ་བཅར་འདྲི་བྱེད་ཐབས་བྱས་ཀྱང་འབྲེལ་བ་མཐུད་ཐུབ་མ་སོང་།
ཟླ་འདིའི་ཚེས་༢༩ ཉིན་སྔ་དྲོར་དྷ་ས་ཆིག་སྒྲིལ་རུ་ཁག་གིས་ཁོང་ཚོའི་རུ་ཁག་གི་སྒོ་ར་བ་བོད་པ་ཡིན་མིན་ཐོག་ལ་དྲི་བ་བསླེབས་རྗེས་བོད་རྒྱལ་ཡོངས་རྩེད་རིག་ཚོགས་པས་གནས་ཚུལ་དེ་གཙང་མ་བཟོས་ཡོད་པ་དང་། དྷ་ས་ཆིག་སྒྲིལ་རུ་ཁག་གིས་རྩེད་འགྲན་མུ་མཐུད་རྩེད་རྒྱུ་མིན་པའི་ཐག་གཅོད་བྱས་ཡོད་པའི་སྐོར་གྱི་གསལ་བསྒྲགས་ཤིག་སྤེལ་འདུག
དེ་བཞིན་དྷ་ས་རུ་ཁག་གི་(Instagram) ཐོག་སྤེལ་བའི་བརྙན་ཐུང་ཞིག་གི་ནང་རུ་ཁག་གི་དོ་དམ་པ་སྐལ་བཟང་ཚེ་རིང་གིས་དྷ་སའི་རྩེད་འགྲན་པ་ཚང་མ་བོད་པ་གཙང་མ་ཡིན་པ་དང་འགྲན་བསྡུར་མུ་མཐུད་འགྲོ་མ་ཐུབ་པའི་ནོར་འཁྲུལ་དྷ་ས་ཆིག་སྒྲིལ་རུ་ཁག་ལ་མེད་ཅེས་བརྗོད་འདུག དྲྭ་ཐོག་སོགས་ནས་བོད་མི་མང་པོ་ཞིག་གིས་ལག་དེབ་ལྗང་ཁུ་སོགས་ཀྱི་ཆ་རྐྱེན་ཚང་མིན་སྔོན་ཚུད་ནས་མ་བལྟས་པ་ནི་རྩེད་འགྲན་ཚོགས་པའི་ནོར་འཁྲུལ་རེད་ཅེས་སྐྱོན་རྗོད་དང་དོགས་པ་བྱེད་བཞིན་འདུག

ཟླ་འདིའི་ཚེས་༡༤ ་ཉིན་རྩེད་འགྲན་འགོ་མ་བཙུགས་པའི་ཉིན་གཅིག་གི་སྔོན་དུ། བོད་རྒྱལ་ཡོངས་རྩེད་རིག་ཚོགས་པའི་འགན་འཛིན་ཟུར་པ་བསྟན་འཛིན་རིན་ཆེན་གྱིས་སྒྲིག་གཞི་འགྲེལ་བརྗོད་བྱས་པར་ལྟར་ན། རྩེད་འགྲན་ནང་མཉམ་ཞུགས་བྱེད་མཁན་རུ་ཁག་གང་རུང་གི་རྩེད་མོ་བ་ཞིག་གི་ཡིག་ཆ་རྫུན་མ་ཡིན་པ་དང་། བོད་པ་མ་ཡིན་པ་སོགས་ཀྱི་གནས་ཚུལ་ཤེས་རྟོགས་བྱུང་འཕྲལ། རུ་ཁག་དེ་སྐབས་ཐོབ་འགྲན་བསྡུར་ནང་མཉམ་ཞུགས་མི་ཆོག་པ་མ་ཟད། རུ་ཁག་དེ་ལོ་གཉིས་དང་དོ་བདག་རྩེད་འགྲན་པ་དེ་ཉིད་ལོ་གཅིག་གི་རིང་རྩེད་འགྲན་ནང་མཉམ་ཞུགས་བྱེད་མི་ཆོག་པ་བཟོ་རྒྱུ། དེ་བཞིན་རུ་ཁག་ལ་ཧིན་སྒོར་ཁྲི་གཅིག་གིས་ཉེས་ཆད་གཅོད་རྒྱུ་སོགས་ཀྱི་སྐོར་བརྗོད་འདུག

གལ་སྲིད་དྷ་ས་ཆིག་སྒྲིལ་རུ་ཁག་གི་རྩེད་འགྲན་པ་ཚོས་ནོར་འཁྲུལ་ཤོར་ཡོད་ན། བོད་རྒྱལ་ཡོངས་རྩེད་རིག་ཚོགས་པའི་སྒྲིག་གཞི་ལྟར། ཐེངས་འདིའི་རྟིང་རྩོད་འགྲན་བསྡུར་དེ་མོན་གྷོ་འདོད་རྒུ་གླིང་རུ་ཁག་དང་གྷོ་ལ་ཐ་ལའི་རུ་ཁག་བར་འགྲན་བསྡུར་བྱེད་རྒྱུ་ཡིན་འདུག་ཀྱང་། ད་ལྟའི་ཆར་དྷ་ས་ཆིག་སྒྲིལ་རུ་ཁག་ས་གནས་ནས་ཐོན་ཟིན་པ་དང་། ཐེངས་འདིའི་རྙོག་གླེང་གི་ནོར་འཁྲུལ་སུ་ལ་ཡོད་མེད། རྩེད་འགྲན་མཇུག་ཇི་ལྟར་སྒྲིལ་རྒྱུ་ཡིན་མིན་སོགས་ཀྱི་ཐོག་བོད་རྒྱལ་ཡོངས་རྩེད་རིགས་ཚོགས་པའི་ངོས་ནས་གསལ་བཤད་ཅི་ཡང་མི་འདུག་པས་ད་ལྟའི་ཆར་གནས་ཚུལ་གསལ་བོ་མི་འདུག།
གསར་འགོད་པ། བློ་བཟང་རྒྱ་མཚོ།