རྒྱལ་སྤྱིའི་ནང་པའི་ཚོགས་ཆེན་གྱི་ཚོགས་གཞོན་དུ་ཆོས་རིག་བཀའ་བློན་འདེམས་འདུག

ཟླ་འདིའི་ཚེས་༡༠ ནས་ཉིན་གཉིས་རིང་རྒྱ་གར་རྒྱལ་ས་ལྡི་ལིར་༢༠༡༧ ལོའི་རྒྱལ་སྤྱིའི་ནང་པའི་ཚོགས་ཆེན་འཚོགས་ཡོད་པ་དང་། བོད་མིའི་སྒྲིག་འཛུགས་ཀྱི་ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་མཉམ་ཞུགས་གནང་འདུག

དེ་ཡང་རྒྱལ་སྤྱིའི་ནང་པའི་ཚོགས་ཆེན་ཐོག་སྐུ་མགྲོན་གཙོ་བོ་རྒྱ་གར་ནང་སྲིད་བློན་ཆེན་གཞོན་པ་སྐུ་ཞབས་ཀི་རེན་རི་ཇི་ཇུ་ Shri Kiren Rijiju དང་། ཁོང་དང་ལྷན་སྐྱབས་རྗེ་དགའ་ལྡན་ཁྲི་རིན་པོ་ཆེ།   ཀེམ་བྷོ་ཌི་ཡ་ Combodia དང་བྷང་ལ་ཌེ་ཤིའི་ Bangladesh ནང་གི་ནང་པའི་བླ་ཆེན་ཁག་གཅིག་ཕེབས་ཡོད་པ་རེད།

དེ་ཡང་སྔ་དྲོ་ཐོག་མར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གསུང་འཕྲིན་བསྩལ་བ་བརྙན་འཕྲིན་བརྒྱུད་གཟིགས་འབུལ་ཞུས་རྗེས། རྒྱལ་སྤྱིའི་ནང་པའི་ཚོགས་ཆེན་གྱི་ཚོགས་གཙོ་བཀའ་ཟུར་མཁས་དབང་སློབ་དཔོན་ཟམ་གདོང་རིན་པོ་ཆེ་དང་། སྐུ་མགྲོན་གཙོ་བོ་རྒྱ་གར་ནང་སྲིད་བློན་ཆེན་གཞོན་པ་སྐུ་ཞབས་ཀི་རེན་རི་ཇི་ཇུ་ Shri Kiren Rijiju གཉིས་ཀྱིས་གསུང་བཤད་གནང་།

ཉིན་རྒྱབ་འོས་བསྡུའི་ལམ་ནས་ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་རྒྱལ་སྤྱིའི་ནང་པའི་ཚོགས་ཆེན་གྱི་འཛིན་སྐྱོང་ལྷན་ཚོགས་ཀྱི་ཚོགས་གཞོན་དུ་བསྐོ་གཞག་གནང་འདུག

ལྷན་ཚོགས་ཉིན་གཉིས་པའི་སྐབས་ནང་བསྟན་རིག་གནས་དང་། ཆོས་རྒྱལ་མྱ་ངན་མེད་ཀྱི་མཛད་རྗེས། ཞེས་པའི་བརྗོད་གཞིའི་ཐོག་བགྲོ་གླེང་གནང་བ་དང་། སྐབས་དེར་ནང་པའི་མཁས་དབང་དང་བླ་ཆེན་ཁག་གཅིག་གི་གསུང་བཤད་དང་། རྒྱལ་བ་ཀརྨ་པའི་གསུང་འཕྲིན་བརྙན་འཕྲིན་བརྒྱུད་གཟིགས་འབུལ་ཞུས་པ་མ་ཟད། ས་སྐྱ་བདག་ཁྲི་རཏྣ་བཛྲ་རིན་པོ་ཆེ་མཆོག་དང་འབྲི་གུང་སྐྱབས་མགོན་ཆེ་ཚང་རིན་པོ་ཆེ་རྣམ་གཉིས་ཀྱིས་གནང་བའི་གསུང་འཕྲིན་སྒྲོགས་སྦྱང་ཞུས་འདུག

རྒྱལ་སྤྱིའི་ནང་པའི་ཚོགས་ཆེན། ཞེས་པ་དེ་ཐོག་མར་ཕྱི་ལོ་༢༠༡༠ ལོའི་སྟོན་ཁར་ལ་དྭགས་བླ་མ་བློ་བཟང་མཆོག་ཤྲི་ལངྐར་ཕེབས་སྐབས་གསར་འཛུགས་གནང་བ་ཞིག་ཡིན་ཞིང་།  དེ་རྗེས་ནང་པའི་དགེ་འདུན་པ་མང་པོ་ཞིག་གིས་རྒྱ་གར་འཕགས་ཡུལ་འདི་ཉིད་ནང་ཆོས་ཀྱི་འབྱུང་ཁུངས་ཡིན་སྟབས། ཡུལ་འདིར་ཚོགས་ཆེན་གོ་སྒྲིག་ཞུ་ཐུབ་ན་སྙམ་པའི་དགོངས་ཚུལ་རིམ་ཕེབས་ལྟར་ཐེངས་འདིར་རྒྱ་གར་ནང་ཚོགས་པ་ཞིག་ཡིན་འདུག  ཚོགས་ཆེན་འདི་ནི་རྒྱ་གར་ནང་ཚོགས་པའི་རྒྱལ་སྤྱིའི་ནང་པའི་ལྷན་ཚོགས་ཆེ་ཤོས་ཆགས་ཡོད་པ་དང་།  ཚོགས་ཆེན་གྱི་དམིགས་ཡུལ་ནི་རྒྱལ་སྤྱིའི་སྡིངས་ཆའི་སྟེང་ནང་ཆོས་འཛིན་སྐྱོང་སྤེལ་གསུམ་གྱིས་མཚོན་ནང་པའི་ཡུལ་གྲུ་ཕན་ཚུན་དབར་མཐུན་སྒྲིལ་གོང་འཕེལ་དང་ལེགས་སྐྱེས་བརྗེ་ལེན་སོགས་ཀྱི་ཆེད་ཡིན་འདུག །

གསར་འགོད་པ་ཆོས་ཉིད་འོད་ཟེར།