རྒྱལ་སྤྱིའི་པའ་ལི་དང་ལེགས་སྦྱར་པའི་དགེ་འདུན་བར་ཤེས་ཡོན་བརྗེ་ལེན།

ཟླ་༥ ཚེས་༢ ནས་༡༧ བར་རྒྱལ་སྤྱིའི་པའ་ལི་དང་ལེགས་སྦྱར་པའི་དགེ་འདུན་བར་ཤེས་ཡོན་བརྗེ་ལེན་ཞེས་པ་སིང་ག་ལ་རུ་ཚོགས་ཡོད་འདུག
ཕྱི་ལོ་ ༢༠༢༢ ཟླ་ ༡༢ ཚེས་ ༢༧ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྡོ་རྗེ་གདན་གྱི་ཐའེ་ཡི་ཝ་ཌ་པ་དགོན་པར་ཆིབས་བསྒྱུར་གྱིས་རྒྱལ་སྤྱིའི་པཱ་ལི་དང་ལེགས་སྦྱར་ཆོས་བརྒྱུད་ཀྱི་དགེ་འདུན་པའི་དབར་ཤེས་ཡོན་བརྗེ་ལེན་གྱི་ལོ་ལྔའི་ལས་འཆར་དེ་དབུ་འབྱེད་གནང་ཡོད་ཅིང་། ཐེངས་དང་པོའི་བགྲོ་གླེང་དངོས་གཞི་དེ་འཕགས་ཡུལ་ལྷོ་ཕྱོགས་དཔལ་ལྡན་འབྲས་སྤུངས་དགོན་དུ་ཚོགས་ཡོད་འདུག ད་ཆར་སིང་ག་ལ་རུ་ཚོགས་པ་དེ་ཐེངས་གཉིས་པ་ཆགས་ཡོད་པ་དང་། སྐབས་འདིའི་ཚོགས་མགོན་དུ་སིང་ག་ལའི་བླ་ཆེན་དང་མཁས་དབང་སོགས་ཁ་ཤས་ཕེབས་ཡོད་འདུག་ལ། ཐེངས་འདིའི་བགྲོ་གླེང་གི་བརྗོད་གཞི་གཙོ་བོ་ནི། ནང་པ་སངས་རྒྱས་པའི་ཆོས་བརྒྱུད་སོ་སོའི་བྱུང་རིམ། གདོད་མའི་ནང་པ་སངས་རྒྱས་པའི་ཆོས་རྒྱུད། ནང་པའི་ཆོས་རྒྱུད་སོ་སོའི་ནང་གི་བྱང་ཆུབ་སེམས་དཔའི་འཛིན་སྟངས་ཀྱི་སྐོར། ཆོ་གའི་སྐོར་དང་ཆོ་ག་བྱེད་ལུགས།
ནང་པ་སངས་རྒྱས་པའི་མཛེས་ཉམས་ཀྱི་རྣམ་གཞག སིང་ག་ལའི་ཆོས་འབྱུང་སྐོར། ནང་པའི་སྡེ་པ་གསུམ་ནང་ལ་མི་སྐྱ་ཕོ་མོ་གཉིས་ཀྱིས་ཉམས་ལེན་བྱེད་ཚུལ་སྐོར་སོགས་ཡིན་པ་དང་། དེ་མིན་གྱི་དུས་ཚོད་གནས་དགོན་ཁག་ལ་མཇལ་བཅར་ཞུ་རྒྱུའི་ལས་རིམ་ཡིན་འདུག
ལས་འཆར་འདི་ནི་ལྷོ་ཤར་ཨེ་ཤི་ཡའི་༧གོང་ས་མཆོག་གི་ལས་ཁུངས་གཙོས་སིང་གྷ་པོར་བོད་ཀྱི་རིག་གཞུང་ཚོགས་པ་དང་དགའ་ལྡན་ཁྲི་ཐོག་ཁང་། དེ་བཞིན་ཐའེ་ཡི་རྡོན་གདན་ཝ་ཌ་པ་དགོན་པ་བཅས་ཐུན་མོང་གིས་པའ་ལི་དང་ལེགས་སྦྱར་གྱི་ཆོས་བརྒྱུད་འཛིན་མཁན་གཉིས་བར་སློབ་སྦྱོང་དང་ཉམས་ལེན་སོགས་ཀྱི་སྐོར་ཤེས་ཡོན་བརྗེ་རེས་ཀྱི་ཆེད་དུ་གོ་སྒྲིག་ཞུས་པ་ཞིག་ཡིན་པ་དང་། མ་འོངས་པར་མཉམ་ཞུགས་གནང་མཁན་དགོན་སྡེ་ཆོས་བརྒྱུད་མང་དུ་གཏང་རྒྱུའི་འཆར་གཞི་ཡོད་འདུག
ལས་འཆར་འདིའི་དམིགས་ཡུལ་ནི། སྤྱི་ནོར་༸གོང་ས་༸སྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གི་ཐུགས་དགོངས་ལྟར། འགྲོ་བ་མིའི་བཟང་སྤྱོད་གོང་སྤེལ་དང་། ཆོས་ལུགས་མཐུན་འབྲེལ། བོད་ཀྱི་རིག་གཞུང་དང་ཁོར་ཡུག་སྲུང་སྐྱོབ། རྒྱ་གར་གནའ་རབས་ཀྱི་རིག་གཞུང་བསྐྱར་གསོ་བཅས་ཐུགས་བསྐྱེད་དམ་བཅའ་བཞི་དང་། ཁྱད་པར་དུ་སྟོན་པ་གཅིག་གི་གདུལ་བྱ་གཅིག་མཚུངས་ཡིན་པའི་འདུ་ཤེས་ཐོག་ཆོས་བརྒྱུད་དབར་མཐུན་འབྲེལ་ཆེད། ལེགས་སྦྱར་དང་པཱ་ལིའི་ཆོས་བརྒྱུད་འཛིན་མཁན་དབར་གཉིས་མོས་ཀྱི་འབྲེལ་ལམ་རྩ་འཛུགས་དང་། གྲུབ་མཐའི་འགོག་རྐྱེན། སྲོལ་རྒྱུན་མི་མཐུན་པ་རྣམས་བགྲོ་གླེང་སོགས་ཀྱི་ལམ་ནས་སེལ་རྒྱུ་དང་། འཛམ་གླིང་ཞི་བདེ་བསྐྲུན་ཐབས་བཅས་ཀྱི་ཆེད་དུ་ཡིན་འདུག
གསར་འགོད་པ་བསྟན་འཛིན་ལམ་བཟང་།