རྒྱལ་སྤྱིའི་བདེ་འཇགས་ལྷན་ཚོགས་ཐོག་སྲིད་སྐྱོང་མཉམ་ཞུགས།

ཟླ་འདིའི་ཚེས་༡༨ ནས་༢༠ བར་ཁེ་ན་ཌའི་གྲོང་ཁྱེར་ཧེ་ལི་ཕེག་སིའི་ནང་དུ་རྒྱལ་སྤྱིའི་བདེ་འཇགས་ལྷན་ཚོགས་འཚོགས་པ་དང་། སྐབས་དེར་སྲིད་སྐྱོང་བློ་བཟང་སེང་གེས་རྒྱ་ནག་གི་དབང་བསྒྱུར་འོག བོད་མཐོ་སྒང་གི་ཁོར་ཡུག་གནས་སྟངས་ཉེན་ཁ་ཆགས་ཡོད་སྐོར་གྱི་གཏམ་བཤད་གནང་ཡོད་པ་རེད།

screen-shot-1938-09-01-at-12-14-03-pmཚོགས་ཐོག་ཏུ་རྒྱལ་སྤྱི་དབུ་ཁྲིད་དང་མཁས་དབང་སོགས་གྲགས་ཅན་མི་སྣ་ཧ་ཅང་མང་པོ་ཚོགས་ཞུགས་བྱས་ཡོད་པ་དང་། སྐབས་དེར་སྲིད་སྐྱོང་བློ་བཟང་སེང་གེས། རྒྱ་ནག་གཞུང་གིས་བོད་ཀྱི་རྒྱུག་ཆུ་ཆེ་ཁག་སྟེང་ཆུ་རགས་གང་བྱུང་བརྒྱབ་པ་དང་། ཤིང་ནགས་གཅོད་འབྲེག  ཁྲིམས་ལུགས་ལ་བརྩི་མེད་རྡོག་རོལ་བཏང་ནས་གཏེར་ཁ་གང་བྱུང་སྔོག་འདོན་བྱས་དང་བྱེད་བཞིན་པ་བཅས་ལ་བརྟེན་བོད་ཙམ་མ་ཟད། བོད་ཀྱི་ཁྱིམ་མཚེས་རྒྱལ་ཁབ་དང་། ལྷག་པར་གོ་ལ་སྤྱིའི་གནམ་གཤིས་འགྱུར་འགྲོས་སོགས་ལའང་ཤུགས་རྐྱེན་ངན་པ་མངོན་གསལ་ཇེ་ཆེར་འགྲོ་བཞིན་ཡོད་པར་བརྟེན།  འཇིག་སླ་བའི་མཐོ་སྒང་བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་སླད་ཆབ་སྲིད་དབུ་ཁྲིད་ཚོས་སྣེ་ཁྲིད་དེ་རྒྱ་ནག་གཞུང་ལ་གནོན་ཤུགས་སྤྲད་པ་བརྒྱུད་བོད་ཀྱི་རང་བྱུང་ཁོར་ཡུག་སོགས་སྲུང་སྐྱོབ་གནང་ཐབས་དགོས་པའི་འབོད་སྐུལ་གནང་ཡོད་པ་རེད།

ཕྱོགས་མཚུངས་སྲིད་སྐྱོང་གིས་སྐབས་དེར་བུད་མེད་རྣམས་ལ་སྤྱི་ཚོགས་ནང་འགན་ཁུར་མང་ཙམ་སྤྲད་ནས་བུད་མེད་འགོ་ཁྲིད་ཐུབ་མཁན་གང་མང་ཡོང་ཐབས་གནང་གལ་ཆེ་སྐོར་དང་། གཞན་ཡང་བགྲོ་གླེང་ལས་རིམ་གཞན་ཞིག་ནང་མཉམ་ཞུགས་གནང་སྐབས་སྲིད་སྐྱོང་གིས་དབང་ཆས་མི་འཕྲོ་བརླག་བཏང་སྐོར་སོགས་ཀྱི་བརྗོད་གཞིའི་ཐོག་བགྲོ་གླེང་གནང་།

སྤྱིར་ལྷན་ཚོགས་གོ་སྒྲིག་གནང་མཁན་ཁེ་ན་ཌའི་རྒྱལ་ཡོངས་བདེ་འཇགས་ལས་ཁུངས་ཡིན་པ་དང་། ཐེངས་འདིའི་ལྷན་ཚོགས་སྐབས་ཨིན་ཡུལ་ཕྱི་སྲིད་ལྷན་ཁང་གི་བདེ་སྲུང་དྲུང་ཆེ་སྐུ་ཞབས་མེ་ཁལ་ཧྥེ་ལོན་(Sir Michael Fallon) དང་། ཧྥ་རན་སིའི་བདེ་སྲུང་བློན་ཆེན་སྐུ་ཞབས་ཇེན་ཡུ་ཝེ་སི་ལེ་ཌི་རེན་(Jean-Yves Le Drian)  ཀོ་རོ་ཤི་ཡའི་སྲིད་འཛིན་ཀོ་ལིན་ཌ་ (Kolinda Grabar-Kitarovi) ཨི་སི་ཏོ་ནི་ཡའི་(Estonia) བདེ་སྲུང་བློན་ཆེན་སྐུ་ཞབས་ཧན་ནེ་སི་ཧན་སོ་(Hannes Hanso)  ཨ་རིའི་གྲོས་ཚོགས་ཆབ་སྲིད་ཚོགས་པ་གཉིས་ཀའི་ཐུན་མོང་གི་སྐུ་ཚབ་སྐུ་ཞབས་ཇོན་མེ་ཀེན་(John McCain) སོགས་ཚོགས་བཅར་བྱས་ཡོད་པ་རེད།

སྤྱིར་ཉིན་གསུམ་གྱི་ལྷན་ཚོགས་སྐབས་འཇིགས་སྐུལ་དྲག་སྤྱོད་པ་དང་། ཡུག་རེན་ནང་དམང་གཙོའི་ལམ་ལུགས་ལ་འགོག་རྐྱེན་བཟོ་བ་སོགས་ཡིན་འདུག   ལྷན་ཚོགས་སྐབས་སྲིད་སྐྱོང་གིས་ཟུར་དུ་ཨ་རིའི་རྒྱལ་ཡོངས་གསར་འགྱུར་བརྙན་འཕྲིན་ཚན་པ་སི་ཨེན་ཨེན་

CNN གསར་འགོད་པ་ཟུར་པ་ལྕམ་ཇེན་ནི་མེ་སི་རབ་ Ms Jeanne Meserve ཀྱི་བཅར་འདྲིར་དང་ལེན་གནང་སྐབས་བོད་མིའི་ཆབ་སྲིད་དང་རིག་གཞུང་། ཁོར་ཡུག་སོགས་ཀྱི་གནད་དོན་ཐད་ལན་འདེབས་གནང་འདུག །

གསར་འགོད་པ་ཆོས་ཉིད་འོད་ཟེར།