རྒྱལ་སྤྱིའི་བོད་ཀྱི་སློབ་མའི་ལྷན་ཚོགས་ཀྱི་ལས་དོན།
རྒྱལ་སྤྱིའི་བོད་ཀྱི་སློབ་མའི་ལྷན་ཚོགས་ཀྱིས་བོད་ཀྱི་མཐོ་རིམ་སློབ་མ་ཡོངས་ཀྱི་རྒྱབ་སྐྱོར་དང་མཉམ་རུབ་ཀྱི་དམིགས་ཡུལ་བཟུང་ནས། སློབ་མ་ཚོར་རོགས་རམ་དང་མདུན་ལམ་ལམ་སྟོན་བྱེད་བཞིན་ཡོད་འདུག
དེ་ཡང་ལྷན་ཚོགས་དེའི་ཐོག་མའི་མིང་ལ་མཐོ་སློབ་ཀྱི་སྒོ་མོ་འབྱེད་ཞེས་མིང་བཏགས་ཡོད་ཅིང་། དེ་ནི་ཀ་བ་གསུམ་ལ་གཞི་བཅོལ་ཡོད་པ་ནི་ཆིག་སྒྲིལ། ཤེས་ཡོན། སྐུལ་སློང་བཅས་རིམ་པ་གསུམ་གྱིས་ཐོག་ལ་ཤུགས་སྣོན་རྒྱག་ཐབས་བྱས་པ་དང་། ཕྱི་ལོ་༢༠༡༦ ཟླ་༦ པའི་ཚེས་བདུན་ཉིན་རྒྱལ་སྤྱིའི་བོད་ཀྱི་སློབ་མའི་ལྷན་ཚོགས་དངོས་སུ་འགོ་བཙུགས་ཡོད་འདུག དེ་ནས་བཟུང་མཐོ་སློབ་ཏུ་འགྲིམ་བཞིན་པའི་སློབ་མ་ཉི་མ་དང་དབང་ཆེན་སྟོབས་རྒྱལ་གཉིས་ཀྱིས་གཙོ་འགན་ཁུར་ཏེ། ས་ཕྱོགས་གང་སར་ལ་ཡོད་པའི་བོད་ཀྱི་མཐོ་རིམ་སློབ་མ་ཡོངས་ཀྱི་རྒྱབ་སྐྱོར་དང་མཉམ་རུབ་ཀྱི་ནུས་པ་ལ་བརྟེན་ནས་ཁོང་ཚོའི་དམིགས་ཡུལ་བཞིན་ལས་དོན་བྱེད་བཞིན་ཡོད་འདུག
ཟླ་འདིའི་ཚེས་༣༠ ཉིན་ལྷན་ཚོགས་དེའི་འགན་ཁུར་བ་མཐོ་རིམ་སློབ་མ་ཉི་མ་ལ་ཚོགས་པ་དེའི་སྐོར་བཅར་འདྲི་བྱས་པར།
ཁོང་གིས་བརྗོད་དོན། “ཕྱི་ལོ་༢༠༡༦ ལོའི་འཛིན་རིམ་བཅུ་གཉིས་ཐོན་ནས་མཐོ་སློབ་ལ་བསྐྱོད་བཞིན་པའི་སློབ་མ་༧༠༠ལྷག་ལ་རོགས་རམ་དང་ལམ་སྟོན་བྱེད་ཐུབ་པར་བྱུང་ཡོད། ང་ཚོའི་དམིགས་ཡུལ་དང་དགོས་པ་གཙོ་བོ་ནི་༧གོང་ས་མཆོག་གིས་བཀའ་གསུངས་ཅི་སྒྲུབ་ཀྱི་དམ་བཅའ་བརྟན་པོ་སེམས་ལ་བཅངས་ནས་གང་ཐུབ་ཤེས་ཡོན་ཁོ་ནའི་ཆེད་དུ་བོད་ཀྱི་ན་གཞོན་ཚོ་ལ་རང་ཉིད་མྱོང་ཚོར་དང་སྦྱར་ནས་ཤེས་ཡོན་གྱི་སྡེངས་ཆ་གསར་པ་བསྐྲུན་རྒྱུའི་ཐབས་ལམ་གཙོ་བོར་གཉེར་ཞིང། དུས་ཚོད་སྟོང་པ་གང་ཡོད་ལ་སློབ་གྲྭ་ཁག་ཏུ་ཡོད་པའི་སློབ་ཕྲུག་རྣམས་ལ་སློབ་ཚན་འཕར་མ་ཁྲིད་པ་དང་སྤྱི་ཚོགས་ཞབས་ཞུའི་ལས་རིམ་སོགས་མང་པོ་ཞིག་སྤེལ་བཞིན་ཡོད་”ཅེས་བརྗོད་སོང་།
ཁོང་གིས་མུ་མཐུད་ཚོགས་པ་དེའི་ལས་དོན་བྱེད་ཕྱོགས་སྐོར་ངོ་སྤྲོད་བྱས་པ་ལྟར་ན། ཕྱི་ལོ་༢༠༡༦ ཟླ་བ་༩ པའི་ཚེས་༡༠ ཉིན་བྷེང་ལོར་བོད་ཀྱི་མཐོ་སློབ་སྡོད་ཁང་དུ་ཤེས་ཡོན་དང་མི་ཚེའི་མདུན་ལ་ཞེས་པའི་བརྗོད་གཞི་ཐོག་དམིགས་བསལ་གྱི་མཁས་དབང་འགའ་ཞིག་གདན་འདྲེན་ཞུས་ནས་གཏམ་བཤད་སོགས་གོ་སྒྲིག་བྱས་ཡོད་པ་དང་། ཕྱི་ལོ་༢༠༡༦ ཟླ་༡༡ པའི་ཚེས་༡༢ ཉིན་དེར་རྒྱ་གར་ལྷོ་ཕྱོགས་ཀྱི་གནས་སྡོད་བོད་མིའི་གཞིས་ཆགས་མོན་གྷོ་རུ་རྒྱལ་སྤྱིའི་སློབ་མའི་ལྷན་ཚོགས་ཀྱི་མི་ལྔས་མོན་གྷོ་ས་གནས་ཀྱི་སློབ་ཕྲུག་ཚོའི་ཕ་མ་དང་མཇལ་འཕྲད་བྱུང་བྱས་ཏེ། ཕ་མ་ནི་སློབ་ཕྲུག་རྣམས་ཀྱི་དགེ་རྒན་དང་པོ་དེ་ཡིན་པ་སོགས་ཀྱིས་ལམ་སྟོན་དང་བགྲོ་གླེང་རིམ་པ་གནང་ཡོད་འདུག
མཐོ་རིམ་སློབ་མ་ཉི་མས་ལྷན་ཚོགས་དེ་བཙུགས་པའི་ཐོག་མའི་དམིགས་ཡུལ་དང་འབྲེལ་ནས་གསུང་དོན། རྒྱལ་སྤྱིའི་བོད་ཀྱི་སློབ་མའི་ལྷན་ཚོགས་ཀྱི་ཕྱི་ལོ་༢༠༡༦ ཟླ་༡༡ པའི་ཚེས་༥ ཉིན་སུ་ཇཱ་བོད་ཁྱིམ་སློབ་གྲྭའི་རྒན་ངག་དབང་ཚེ་བརྟེན་ལགས་ཀྱིས་དགོངས་འཆར་དང་ལམ་སྟོན་འོག་༧གོང་ས་མཆོག་གི་བརྩམས་ཆོས་དཔེ་ཀློག་གི་ལས་འགུལ་ཞིག་སྤེལ་གནང་ཞིང་། དེའི་དམིགས་པ་གཙོ་བོ་ནི། ༧གོང་ས་མཆོག་གི་བྱིན་རླབས་ནུས་མཐུ་ལས་འགྲོ་བ་མི་ལ་ཞབས་འདེགས་ཞུ་བའི་ལས་མགུལ་ཡིན་པ་སོགས་བརྗོད་སོང་།
དེ་བཞིན་འཛིན་རིམ་བཅུ་གཉིས་ཀྱི་མཐར་ཕྱིན་སློབ་མ་རྣམས་ལ་གང་ནུས་ཅི་ལྕོགས་ཀྱིས་མཐོ་སློབ་ཀྱི་གནས་སྟངས་ངོ་སྤྲོད་དང་འཛུལ་བཞུགས་བྱེད་སྟངས་སོགས་ཀྱི་ལམ་སྟོན་རིམ་པ་གནང་བ་སོགས་ཀྱི་ལས་རིམ་སྣ་མང་ཞིག་གོ་སྒྲིག་བྱེད་ཡོད་པ་དང་། ད་དུང་མུ་མཐུད་ནས་ལས་རིམ་མང་པོ་ཞིག་སྤེལ་རྒྱུ་ཡོད་སྐོར་འགྲེལ་བརྗོད་བྱས་སོང་།།
གསར་འགོད་སྦྱོང་བརྡར་བ་ཐུབ་བསྟན་རྒྱལ་མཚན།
